བྲག་མགོ་རྫོང་དུ་ལྷ་སྐུ་དང་སློབ་གྲྭ་གཏོར་བཤིག་གཏོང་མཁན་ཝང་ཏུང་ཧྲིན་འདས་གྲོངས་སུ་ཕྱིན་ཡོད་འདུག

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༡ ཚེས་ ༡༦ ཉིན་བྲག་མགོ་རྫོང་གི་རྫོང་དཔོན་དང་དམར་ཤོག་དྲུང་ཆེ་ཟུར་བ་དང་། ཕྱི་ལོ་ ༢༠༢༡ ལོར་ཡུལ་དེའི་ལྷ་སྐུ་དང་སློབ་གྲྭ་གཏོར་བཤིག་གཏོང་མཁན་གཏེ་བོ་ཝང་ཏུང་ཧྲིན་ཟེར་བ། རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ཝོ་ཧོ་རྫོང་ (Wuhou) གི་སྣ་འཛོམས་ཚོང་གཉེར་ཁང་ཞིག་གི་ཐོག་བརྩེགས་ལྔ་བ་ནས་མར་ཟག་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། བོད་ནང་གི་འབྲེལ་ཡོད་གཉིས་ནས་ཁོང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བདེན་པ་ཡིན་པ་དང་། བོད་ནང་གི་སྐད་འཕྲིན་དྲ་ལམ་ཁག་ཏུ་གནས་ཚུལ་དེའི་སྐོར་བརྒྱུད་སྐུར་བྱེད་བཞིན་ཡོད་པ་ལས། འདས་གྲོངས་སུ་འགྲོ་རྐྱེན་ཁང་བརྩེགས་ནས་ལྷུང་ཡིན་དང་མཆོང་ཡིན་གཙོས། ཞིབ་ཕྲའི་རྒྱབ་ལྗོངས་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་སྐོར། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་ངོས་ནས་ཝང་ཏུང་ཧྲིན་འདས་གྲོངས་སུ་ཕྱིན་པའི་སྐོར་ལ། དཀར་མཛེས་ཁུལ་ཚན་རིག་ལག་རྩལ་ཁང་གི་མགོ་གཙོ་འདས་གྲོངས་སུ་ཕྱིན་པ་ཞེས་པའི་བརྡ་ཁྱབ་ཅིག་སྤེལ་བའི་ནང་། ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༡ ཚེས་ ༡༦ ཉིན་གྱི་རྒྱ་ནག་གི་ཉིན་གུང་ཆུ་ཚོད་ ༠༣།༣ སྟེང་། ཁྲིན་ཏུའུ་གྲོང་ཁྱེར་དམར་ཤོག་ཚོགས་པའི་སྡེ་ཚན་ལ། ཉིན་དེའི་ཉིན་གུང་ཆུ་ཚོད་ ༠༡།༥༠ སྟེང་མི་ཞིག་ཁྲིན་ཏུའུ་ཝོ་ཧོ་རྫོང་གི་ཚོང་གཉེར་ཐོག་བརྩེགས་ལྔ་བ་ནས་ལྷུང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པའི་བརྡ་འབྱོར་བ་བཞིན། གཞུང་ངོས་ནས་ཉེ་འཁོར་སྨན་དོན་མི་སྣ་ཆེད་གཏོང་གིས་བརྟག་དཔྱད་བྱས་པར། ས་གནས་དེ་རང་དུ་འདས་གྲོངས་སུ་ཕྱིན་ཡོད་པས། ད་ལྟ་འབྲེལ་ཡོད་ནས་མུ་མཐུད་བརྟག་དཔྱད་དང་འདས་གྲོངས་སུ་འགྲོ་རྐྱེན་གྱི་བདེན་དཔང་རྩད་འཚོལ་བྱེད་བཞིན་ཡོད་པ་བཀོད་འདུག
ཡང་འབྲེལ་ཡོད་བོད་མི་གཅིག་ནས་ཁོང་གློ་བུར་འདས་གྲོངས་སུ་ཕྱིན་པའི་སྐོར་ལ་མི་མང་ཁྲོད་རྒྱུ་རྐྱེན་ཅིའི་ཕྱིར་ཡིན་དང་། ཁོ་རང་མཆོང་སྟེ་རང་ཤི་བརྒྱབ་ཡིན་དང་དངོས་གནས་ཐོག་བརྩེགས་ནས་མར་ལྷུང་ཡིན། ཡང་ན་མི་ཞིག་གིས་གཡུག་ཡིན་མིན་ཐད་དོགས་གཞི་དང་གླེང་སློང་ཡོང་གི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་ལ། རྒྱ་ནག་གཞུང་འབྲེལ་བརྡ་ཁྱབ་དེའི་ནང་ཁོང་འདས་གྲོངས་སུ་ཕྱིན་རྗེས་ཁོང་གི་ནང་མི་ཚོ་སེམས་ཁམས་བརྟན་པོ་དང་། སྤྱི་ཚོགས་བདེ་འཇགས་རྒྱུན་ལྡན་དང་མི་མང་ཁྲོད་ད་བར་ལྡོག་ཕྱོགས་ཀྱི་བསམ་ཚུལ་རིགས་ཡོང་གི་མེད་པ་དང་། འདས་གྲོངས་སུ་ཕྱིན་པའི་མི་སྣའི་མིང་ལ་ཝང་ཏུང་ཧྲིན་དང་། ཕྱི་ལོ་ ༡༩༧༠ ལོའི་ཕྱི་ཟླ་ ༡༠ ནང་ཉག་རོང་དུ་སྐྱེས་ཤིང་བོད་རིགས་ཡིན་སྐོར་བཅས་བཀོད་འདུག་ལ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་མུ་མཐུད་ཁོང་གི་འདས་རྐྱེན་སྐོར་ནས་རྩད་འཚོལ་བྱེད་བཞིན་པ་ཡིན།
ཝང་ཏུང་ཧྲིན་གྱིས་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༡༠ ནས་བཟུང་བྲག་མགོ་རྫོང་གི་དམར་ཤོག་དྲུང་ཆེའི་ལས་འགན་བླངས་ཤིང་། ཟླ་བ་དེ་རང་གི་ནང་བྲག་མགོ་དགོན་དགེ་ལྡན་ནང་བསྟན་སློབ་གྲྭ་རྩ་གཏོར་བཏང་པ་དང་། བྲག་མགོ་དགོན་གྲོང་གཉིས་ཐོུང་གིས་བཞེངས་པའི་སྟོན་པའི་སྐུ་བརྙན་མཐོ་ཚད་ལ་རྨིས་ ༩༩ ཅན་གཏོར་བཤིག་བཏང་ཡོད་པ་རེད། གནས་ཚུལ་འདི་དག་དགོན་པའི་གྲྭ་བ་དང་མི་མང་ཁྲོད་ནས་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་པའི་ནག་ཉེས་འོག་ས་ཁུལ་དེའི་མི་གྲངས་བཅུ་ཙམ་འཛིན་བཟུང་བྱས་པར་མ་ཟད། ཕྱི་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༡ ནང་བྲག་མགོ་ཆ་ནང་དགོན་པའི་གུ་རུའི་སྐུ་བརྙན་བཞེངས་སྒྲུབ་ཟིན་པ་དེ་མཐོ་དྲག་སྐོར་བརྗོད་ནས་རྩ་གཏོར་བཏང་བ་སོགས་བོད་མིའི་ཆོས་དད་ལ་གནོད་གཞི་ཆེ་བའི་བྱ་སྤྱོད་སྣ་ཚོགས་ཤིག་སྤེལ་ཡོད་པ་དང་། ཁོ་ཕྱི་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༨ ནང་བྲག་མགོ་དམར་ཤོག་དྲུང་ཆེའི་ལས་གནས་ནས་འཕོ་འགྱུར་བཏང་སྟེ། ཆབ་སྲིད་དང་འབྲེལ་བ་མེད་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཚན་རིག་ལག་རྩལ་ཁང་གི་མགོ་གཙོར་བསྐོ་གཞག་བྱས་ཡོད་པ་རེད།
ཝང་ཏུང་ཧྲིན་ཟེར་བ་ནི་ཁོ་པའི་རྒྱ་མིང་ཡིན་པ་ལས་དོན་དུ་ཁོ་པ་ཉག་རོང་ནས་ཡིན་པའི་བོད་རིགས་ཤིག་ཡིན་འདུག་ཅིང་། ཁོས་དེ་སྔ་ཕྱི་ལོ་ ༢༠༡༦ ལོར་གསེར་རྟ་རྫོང་གི་དམར་ཤོག་དྲུང་ཆེ་བྱས་སྐབས། བླ་རུང་ཆོས་སྒར་གྱི་གྲྭ་ཤག་ ༤༥༠༠ ཙམ་གཏོར་བ་དང་། དེ་རྗེས་ཕྱི་ལོ་ ༢༠༡༧ ལོར་གྲྭ་ཤག་ ༣༢༢༥ ཙམ་གཏོར་བཤིག་བཏང་ཡོད་པ་རེད་ལ། ཡང་ཕྱི་ལོ་ ༢༠༡༧ ལོར་བླ་རུང་ཆོས་སྒར་དུ་ཡོད་པའི་ཕྱོགས་མཐའ་ཁག་གི་གྲྭ་བཙུན་ ༣༧༢༩ ཕྱིར་འབུད་བྱས་ཤིང་། སླར་ཡང་ཕྱི་ལོ་ ༢༠༡༨ ལོར་གྲྭ་བཙུན་ ༨༩༥ བཅས་བླ་རུང་ཆོས་སྒར་ནས་བཙན་ཕུད་བཏང་མཁན་དེ་ཡིན་པ་དང་། ཕྱི་ལོ་ ༢༠༢༡ ལོར་ཁོང་བྲག་མགོ་རྫོང་གི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁོ་པ་དེ་སྔོན་རྒྱ་ནག་གི་སྐབས་བཅུ་པ་དང་བཅུ་གསུམ་པའི་རྒྱལ་ཡོངས་ཚང་འཛོམས་གྲོས་ཚོགས་ཟེར་བར་དཀར་མཛེས་ཁུལ་གྱི་འཐུས་ཚབ་ཚོགས་མིར་ཆེད་གཏོང་བྱས་འདུག
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།