རྒྱ་ནག་གིས་བྲག་མགོ་ནས་སྐུ་བརྙན་གཏོར་མཁན་དགེ་འདུན་པ་ཚོ་ཡིན་ཚུལ་ཁག་འགེལ་ཐབས་བྱེད་ཀྱི་ཡོད་འདུག

རྒྱ་ནག་གཞུང་གིས་བྲག་མགོ་ནས་སྟོན་པའི་སྐུ་བརྙན་གཏོར་བཤིག་གཏོང་མཁན་དགོན་པའི་དགེ་འདུན་པ་ཚོ་ཡིན་པའི་ངོས་ལེན་ས་ཡིག་རྒྱག་གི་འཇུག་བཞིན་ཡོད་འདུག

བྲག་མགོ་ནས་སྐུ་བརྙན་མ་གཏོར་གོང་དང་གཏོང་ཚར་བའི་རྗེས། RFA


སྔ་ལོའི་ལོ་མཇུག་ནས་བཟུང་རྒྱ་ནག་གཞུང་གིས་བྲག་མགོ་ཁུལ་དུ་སྟོན་པའི་སྐུ་བརྙན་དང་མ་ཎྀ་འཁོར་ལོ་སོགས་གཏོར་བཤིག་བཏང་སྟེ། ཡུལ་དེའི་ནང་དམ་དྲག་དང་ཡུལ་མི་འཛིན་བཟུང་བཀག་ཉར་སོགས་བྱས་ཡོད་པ་ལྟར། ཉེ་སྔོན་ཕྱི་ཟླ་༤པའི་ནང་སྔ་ལོ་བྲག་མགོ་དགོན་པའི་ཉེ་འདབས་སུ་ཡོད་པའི་མཐོ་ཚད་ལ་རྨིས་༩༩ཅན་གྱི་སྟོན་པའི་སྐུ་བརྙན་དང་། ཉེ་འཁོར་གྱི་མ་ཎི་ལྷ་ཁང་དང་དགོན་པའི་སློབ་གྲྭ་སོགས་གཏོར་བཤིག་གཏོང་མཁན་བྲག་མགོ་དགོན་པའི་དགེ་འདུན་པ་ཚོ་ཡིན་པ་ངོས་ལེན་དགོས་པའི་མཚན་རྟགས་རྒྱག་འཇུག་གི་ཡོད་མ་ཟད། སྟོན་པའི་སྐུ་བརྙན་དང་སློབ་གྲྭ་གཏོར་བཤིག་བཏང་བའི་ཤུལ་ཚང་མ་གཙང་མ་བཟོས་ཏེ། ཕྱི་ནས་བལྟས་ན་ཅི་ཡང་མི་མཐོང་པ་བྱ་དགོས་པའི་བཙན་བཀའ་བཏང་ཡོད་པ་རེད་འདུག


བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བ་ལྟར་ན། སྐུ་བརྙན་གཏོར་བཤིག་བཏང་བ་སོགས་ཀྱི་གནས་ཚུལ་དེ་རྒྱལ་སྤྱིའི་སྟེང་ཤུགས་ཆེར་ཁྱབ་རྗེས། རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ཁྲིམས་འགལ་གྱིས་གཏོར་བཤིག་བཏང་བའི་ལས་ཀ་ཚང་མ་དགོན་པའི་དགེ་འདུན་པ་ཚོ་ཡིན་པའི་ཁག་འགེལ་ཐབས་བྱེད་བཞིན་པ་དང་། ད་ལྟའི་ཆར་ས་གནས་སུ་དམ་དྲག་ཡོད་རྐྱེན་དགེ་འདུན་པ་ཚོས་ས་ཡིག་མ་རྒྱབ་པ་ཡིན་ན་ཉེས་ཆད་གང་འདྲ་གཅོད་བཞིན་ཡོད་པ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོག་ཐུབ་ཀྱི་མི་འདུག་ལ། སྤྱིར་རྒྱ་ནག་གཞུང་གིས་བྲག་མགོ་ཁུལ་དུ་གཏོར་བཤིག་བཏང་བའི་གནས་ཚུལ་དང་པར་རིས་རིགས་ཕྱི་ཕྱོགས་སུ་ཁྱབ་སྤེལ་སོང་བ་དང་མཉམ་དུ་ཡུལ་དེའི་ནང་དམ་དྲག་དང་ཞིབ་བཤེར་སྔར་ལྷག་བྱས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་ཕྱི་ལོ་༢༠༢༡ལོའི་ཟླ་༡༠ནང་རྒྱ་ནག་གཞུང་གིས་བྲག་མགོ་ནས་སྟོན་པའི་སྐུ་བརྙན་གཏོར་བཤིག་དང་འབྲེལ། རྒྱ་ནག་ཉེན་རྟོག་པས་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་སྐོར་བརྗོད་ནས་བྲག་མགོ་དགོན་པའི་གྲྭ་བསྟན་འཛིན་ཉི་མ་དང་བཀྲིས་རྡོ་རྗེ། ལྷ་མོ་དབྱངས་ཅན། ཚེ་རིང་བསམ་སྒྲུབ་གཙོས་མི་སྣ་བཅུ་གྲངས་ཤིག་འཛིན་བཟུང་བྱས་ཏེ། ཕལ་ཆེ་བ་བྲག་མགོ་རྫོང་ནས་བར་ཐག་སྤྱི་ལེ་༥ཙམ་གྱི་སར་ཡོད་པའི་བྲོ་པ་གྲོང་ཚོའི་ཉེ་འགྲམ་ཐང་ནག་མ་ཞེས་པའི་ས་གནས་ཀྱི་སློབ་གསོ་བསྒྱུར་བཀོད་ཁང་ཞིག་ཏུ་བཅུག་ཡོད་པ་དང་། གནས་ཚུལ་མཁོ་སྤྲོད་པ་ཅིག་གིས་བརྗོད་ན། ད་ལྟའི་ཆར་འཛིན་བཟུང་གིས་སློབ་གསོ་བསྒྱུར་བཀོད་ཁང་དུ་ཡོད་པ་ཕལ་ཆེ་བ་གློད་གྲོལ་བཏང་ཡོད་ཀྱང་། ཁོ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དང་སུན་གཙེར་ཤུགས་ཆེ་ཡོང་གི་ཡོད་འདུག གཞན་ཡང་ཕྱི་ལོ་༢༠༡༥ལོར་བྲག་མགོ་རྫོང་ཐོག་གི་མཆིག་རག་སྨད་པ་ཞེས་པར་བཙོན་ཁང་ཞིག་གསར་རྒྱག་བྱས་ཡོད་ཅིང་། ད་ལྟའི་ཆར་བཙོན་ཁང་དེ་གཏོར་ནས་དེ་སྔ་ཕྱི་ལོ་༢༠༡༣ལོར་རྫོང་ཐོག་གི་ཕྱིག་རེ་ས་ཆར་གསར་རྒྱག་བྱས་པའི་སློབ་གསོ་ཁང་ཟེར་བ་དེ་བཙོན་ཁང་གི་ཚབ་ཏུ་བེད་སྤྱོད་གཏོང་གི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་བྲག་མགོ་ནས་སྟོན་པའི་སྐུ་བརྙན་དང་སློབ་གྲྭ་གཙོས་དགོན་པའི་ནང་དུ་ཡོད་པའི་གུ་རུའི་སྐུ་བརྙན་གཏོར་བཤིག་བཏང་བ་མ་ཟད། རྗེས་སུ་བྲག་མགོ་ཆ་ནང་དགོན་ནས་གུ་རུ་རིན་པོ་ཆེ་སྐུ་བརྙན་གཏོར་བཤིག་བཏང་སྟེ། བྲག་མགོ་དགོན་གྲོང་གཉིས་སུ་དམ་དྲག་དང་ལྟ་རྟོག་ཞིབ་བཤེར་གྱི་གནས་ཚུལ་མང་དག་ཅིག་བྱུང་ཡོད་པ་རེད་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་རྒྱ་ནག་གཞུང་གིས་བྲག་མགོ་ཁུལ་དུ་ད་དུང་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། གཞན་དེ་སྔོན་འཛིན་བཟུང་བྱས་པ་ཚོར་གློད་ཡོད་ཀྱང་འགྲོ་འདུག་རང་དབང་གཏན་ནས་མེད་པའི་གནས་སྟངས་འོག་ཡོད་སྐོར་བརྗོད་བྱུང་།
རྒྱ་ནག་གཞུང་གིས་སྔ་ལོར་བྲག་མགོ་ནས་སྐུ་བརྙན་དང་སློབ་གྲྭ་སོགས་གཏོར་བཤིག་གཏོང་སྐབས་མཐོ་དྲགས་པ་དང་ཚད་ལྡན་གྱི་ཡིག་ཆ་མེད་སྐོར་གྱི་རྒྱུ་མཚན་བཤད་ཡོད་ན་ཡང་། སྐབས་དེར་རྒྱ་ནག་གཞུང་གིས་དེ་འབྲེལ་གནས་ཚུལ་ཁག་ཕྱི་ཕྱོགས་སུ་མི་ཤོར་ཆེད་གསང་རྒྱ་དམ་པོ་བྱས་པ་མ་ཟད། ཉེན་རྟོག་པ་འགྲེམས་འཇོག་གིས་ཡུལ་མི་ཚོར་ལྟ་རྟོགས་དང་དགོན་པའི་དགེ་འདུན་པ་ཚོར་ལག་ཏུ་ཁ་པར་སོགས་གང་ཡང་འཁུར་མ་བཅུག་པར་སྐུ་བརྙན་གཏོར་བཤིག་གི་ཡུལ་དངོས་སུ་ལྟ་བཅུག་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org