རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་མི་རིགས་རྒྱ་སྒྱུར་གྱི་སྲིད་བྱུས་སྤེལ་བཞིན་ཡོད་པ་སྐོར་འབུམ་རམས་པ་རྒྱལ་ལོ་ལགས་ནས་རྒྱལ་ས་ལྡི་ལིར་གསུང་བཤད་གནང་ཡོད་པ།
ཟླ་ ༡༡ ཚེས་ ༢༩ ཉིན་གྱི་དགོང་མོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (India International Centre) དུ་བོད་དོན་ཞུ་གཏུག་མཐུན་ཚོགས་དང་བོད་དོན་ལས་འགུལ་བསྟི་གནས་ཁང་། འཚེ་བ་མེད་པའི་གདམ་གའི་ཐེབས་རྩ་བཅས་ཀྱི་མཉམ་འབྲེལ་གྱིས། སྤྱི་ཚོགས་རིག་པའི་འབུམ་རམས་པ་རྒྱལ་ལོ་ལགས་ཀྱི་རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་གཏན་འཇགས་སློབ་གྲྭར་བཅུག་བཞིན་པའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་སྐོར་གཏམ་བཤད་ཞིག་གོ་སྒྲིག་གནང་ཡོད་པ་དང་། མཛད་སྒོ་དེའི་སྐབས་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས། རྒྱ་ནག་གཞུང་གི་བོད་ཕྲུག་རྣམས་སྔོན་འགྲོའི་སློབ་གྲྭའི་དུས་སྐབས་ནས་རྒྱ་ནག་གི་བསམ་ཚུལ་དང་ལྟ་བ་ལག་བསྟར་བྱེད་བཅུག་བཞིན་ཡོད་ཅིང་། བོད་པའི་སློབ་ཕྲུག་དེ་དག་མ་འོངས་པར་རྒྱ་ནག་གཙང་མ་དང་ཞི་ཅིན་ཕིང་ལ་དགའ་ཞེན་གྱི་མི་རིགས་གཅིག་ཏུ་སྒྱུར་རྒྱུའི་དམིགས་ཡུལ་བཅངས་པ་སོགས། བོད་ནང་དུ་བོད་མི་རིགས་ཀྱི་ངོ་བོ་དང། རིག་གནས། ཆོས་ལུགས་བཅས་ཀྱི་ཉམས་ལེན་སོགས་རྒྱུན་འཛིན་ཐད་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དེར་གདོང་ལེན་ཚུལ་དུ། བོད་ནང་ཤེས་ཡོན་ཅན་གྱི་མི་གང་མང་སྐྱེད་སྲིང་བྱ་གལ་ཆེ་ཡང་། རྒྱ་ནག་གཞུང་གིས་བོད་ནང་སློབ་ཕྲུག་བརྒྱ་ཆ་ ༨༨ གཏན་འཇགས་སློབ་གྲྭར་བཅུག་ཅིང་། ༢༠༡༥ ལོ་ནས་བཟུང་དགོན་སྡེ་ཁག་གི་གྲྭ་བཙུན་གྱི་གྲངས་ཚད་ལ་སྟངས་འཛིན་གྱིས་ ༢༠༢༤ ལོར་རྒྱ་ནག་གཞུང་གིས་དགོན་སྡེ་ཁག་ཏུ་རྒྱ་སྐད་ཤུགས་ཆེར་ཁྱབ་སྤེལ་གཏོང་བཞིན་ཡོད་པ་དེས་བོད་ཀྱི་ནང་ཆོས་ཉམས་ལེན་ཐད་ལའང་དོ་ཕོག་གཏོང་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
ཡང་སྤྱི་ཚོགས་རིག་པའི་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་མུ་མཐུད། ཁོང་གིས་ལོ་ངོ་གསུམ་རིང་ཉམས་ཞིབ་གནང་བའི་བརྒྱུད་རིམ་ཁྲོད། རྒྱ་ནག་གཞུང་གིས་ལུང་ཁུག་ཏུ་གནས་སྡོད་བྱེད་བཞིན་པའི་བོད་ཕྲུག་རྣམས་ལ་ཤེས་ཡོན་གོ་སྐབས་བསྐྲུན་ཆེད་དང་། ལོ་ནའི་རིམ་པ་འདྲ་མིན་འོག་གཏན་འཇགས་སློབ་གྲྭར་བཅུག་བཞིན་པ་སོགས་བོད་ནང་གི་བོད་ཕྲུག་རྣམས་འཆར་གཞི་ལྡན་པའི་ཐོག་ནས་གཏན་འཇགས་སློབ་གྲྭ་བཅུག་སྟེ། བོད་ཀྱི་ཡུལ་གོམས་གཤིས་ལུགས་ལ་ཆ་རྒྱུས་མེད་པ་ཞིག་ཏུ་འགྱུར་བཅུག་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ང་ཚོས་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭར་ངོས་ལེན་མི་བྱེད་པ་དེ་ནི་ཤེས་ཡོན་ངོས་ལེན་མི་བྱེད་པ་རེད་ཟེར་བ་དེ་ནི་བདེན་པ་མིན། ང་ཚོས་ཤེས་ཡོན་ལ་ངོས་ལེན་མི་བྱེད་པ་མིན། ང་ཚོས་གཏན་སྡོད་སློབ་གྲྭའི་ནང་སྤེལ་བཞིན་པའི་མི་རིགས་རྒྱ་སྒྱུར་གྱི་སློབ་གསོར་ངོས་ལེན་མི་བྱེད་པ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་གཏམ་བཤད་དེའི་ཐོག་མཉམ་ཞུགས་གནང་མཁན་འབུམ་རམས་པ་ (Sarvjit Dudeja) ལགས་ཀྱིས། བོད་ཀྱི་གནད་དོན་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པས། རྒྱ་ནག་གཞུང་གིས་བོད་ཕྲུག་ཆུང་ཆུང་རྣམས་ཀྱི་བསམ་བློ་ལ་འགྱུར་བ་བཏང་ན། མ་འོངས་ཕྲུ་གུ་དེ་དག་རྒྱ་ནག་གཞུང་ལ་ཞབས་འདེགས་ཞུ་མཁན་ཞིག་ཏུ་གྱུར་ཉེན་ཆེན་པོ་ཡོད་པས། གནད་དོན་དེའི་ཐད་ད་ལྟ་ནས་རྒྱལ་སྤྱིའི་ཁྲོད་གོ་རྟོགས་སྤེལ་བ་སོགས་ལས་འགུལ་མ་སྤེལ་ན་མ་འོངས་དཀའ་ཁག་ཅན་དུ་གྱུར་ངེས་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། (Aga Syed Muntazir) ལགས་ཀྱིས། འཛམ་གླིང་གི་དབུ་ཁྲིད་རྣམས་ནས་མཉམ་རུབ་ཀྱིས་རྒྱ་ནག་གི་གནོན་ཤུགས་འོག་བོད་པའི་མི་རབས་སྐྱོབ་ཐབས་ཐད་ཕྱག་ལས་གནང་རྒྱུའི་རེ་བ་ཡོད་སྐོར་གསུངས་སོང་།
རྩ་བའི་འབུམ་རམས་པ་རྒྱལ་ལོ་ལགས་ནི་བོད་དོན་ལས་འགུལ་བ་དང་། སྤྱི་ཚོགས་རིག་པ་བ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་རྒྱ་སྒྱུར་གྱི་སྲིད་བྱུས་སྤེལ་བཞིན་པ་དེའི་ཐད་ལོ་ངོ་མང་པོའི་རིང་ཞིབ་འཇུག་གནང་བཞིན་པའི་མཁས་དབང་གཙོ་གྲས་ཤིག་ཡིན་པ་རེད།
གསར་འགོད་པ། བསྟན་འཛིན་ཐར་འདོད།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།