རྒྱ་ནག་མི་མང་ས་ཡ་གཉིས་ལྷག་ལ་དྲག་ཆར་གྱི་དཀའ་ངལ།
2011.06.19
༄༅༎དེ་རིང་རེས་གཟའ་ཉི་མའི་སྔ་དྲོའི་ཚོུད་༧ པའི་ཐོག་རྒྱ་ནག་ཤར་ཕྱོགས་ ཙེང་ཅང ཞིང་ཆེན་གྱི་ཆུ་ལོག་ངལ་སེལ་ལས་ཁང་གིས་བཏོན་པའི་གནས་ཚུལ་ནང༌། ཙེང་ཅང ཞིང་ཆེན་གྱི་གྲོང་ཁྱེར་ཁག་ལྔ་ཡི་ས་གནས་ལྔ་བཅུའི་གྲོང་ཚོ་༥༤༥འི་ནང་མུ་མཐུད་དྲག་ཆར་འབབ་བཞིན་པ་དེ་ཡིས། མི་དམངས་ས་ཡ་གཉིས་དང་གྲངས་ཆུང་༦༦ ལ་གནོད་འཚེའི་ཤུགས་རྐྱེན་ཐེབས་པ་དང༌། ལོ་ཏོག་སོན་ཁལ་ཆིག་འབུམ་བདུན་ཁྲི་ལྷག་རྩ་མེད་དུ་ཕྱིན་པའི་ཁར་བཟོ་ཚོང་ལས་ཁང་དགུ་བརྒྱ་བརྒྱད་ཅུ་གྱ་དགུ་སྒོ་རྒྱབ་དགོས་བྱུང་བ་སོགས་ཀྱིས་དཔལ་འབྱོར་གྱོང་གུད་རྒྱ་སྒོར་ཐེར་འབུམ་ལྔ་ཙམ་བྱུང་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།
དེ་བཞིན་ཀྲེ་ཅང་ཞིང་ཆེན་གྱི་ཁྲང་ཧྲན་ ས་ཁུལ་དུ་དྲག་ཆར་གྱི་རྐྱེན་པས་ས་རུད་ཀྱི་གནོད་འཚེ་བྱུང་སྟེ། ས་གནས་མི་དམངས་ཀྱི་སྡོད་ཁྱིམ་ས་རུད་ཀྱིས་འཁྱེར་བ་མ་ཟད། མི་གཉིས་རྐྱེན་ལམ་དུ་ཕྱིན་པ་དང༌། མི་གཅིག་གར་སོང་མེད་པར་གྱུར་ཡོད་པ་རེད།
ད་དུང་རྒྱ་ནག་གི་དབུས་ ཧུའུ་པེ ཞིང་ཆེན་གྱི་སྤྱི་དམངས་ལས་དོན་ཁང་གིས་བཤད་པར་གཞིགས་ན། རེས་གཟའ་པ་སངས་དང་རེས་གཟའ་སྤེན་པའི་ཉིན་དྲག་ཆར་ཤུགས་ཆེ་འབབ་པའི་རྐྱེན་གྱིས་ཞིང་ཆེན་དེའི་ནང་ནས་མི་གཉིས་རྐྱེན་ལམ་དུ་ཕྱིན་པ་དང༌། མི་གཉིས་གར་སོང་མེད་པར་གྱུར་བ། ས་གནས་དེའི་ཡུལ་མི་ཉིས་ཁྲི་བཞི་སྟོང་ལྷག་ཙམ་གཞན་དུ་ཉེན་ཡོལ་དུ་གནས་སྤོ་བྱས་དགོས་བྱུང་བ། སྟོན་ཐོག་སོན་ཁལ་ཉིས་འབུམ་དྲུག་ཁྲི་ལྷག་རྩ་མེད་དུ་ཕྱིན་པ། སྡོད་ཁྱིམ་ཉིས་སྟོང་ཉིས་བརྒྱ་ཙམ་ལོག་པ་དང༌། སྡོད་ཁྱིམ་ལྔ་སྟོང་ལྷག་ཙམ་གནོད་འཚེ་བྱུང་བ་སྟེ། གནོད་འཚེ་དེའི་ནང་རྒྱ་སྒོར་ས་ཡ་༧༣༠ ཡི་དཔལ་འབྱོར་གྱོང་གུད་ཕྱིན་ཡོད་པའི་སྐོར་བཤད་ཡོད་པ་རེད།
ད་དུང་རྒྱ་ནག་གིས་འཛུགས་སྐྲུན་བྱས་པའི་འབྲི་ཆུ་འགག་གསུམ་གྱི་ཆུ་མཛོད་བཏང་འཛིན་བྱེད་ཡུལ་ཁུལ་དུ་འདས་པའི་ཉིན་གཉིས་རིང་དྲག་ཆར་འབབ་སྟེ། མི་དམངས་འབུམ་གསུམ་ཙམ་དང་ས་ཞིང་སོན་ཁལ་འབུམ་གཉིས་ལྷག་ལ་གནོད་འཚེ་བྱུང་ཡོད་པ་དང༌། དེ་བཞིན་རྒྱ་ནག་གི་ཤར་ཕྱོགས་ཅིའང་ཤི་ཞིང་ཆེན་གྱི་ས་གནས་ཁག་༤༥ ནང་དུའང་རེས་གཟའ་སྤེན་པ་དང་རེས་གཟའ་ཉི་མ་དྲག་ཆར་ཤུགས་ཆེ་འབབ་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།།