རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་ནས་སླར་ཡང་བོད་རང་སྐྱོང་ལྗོངས་མི་མང་བཙོན་ཁང་སྒོ་ཁར་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག

བོད་ཀྱི་ཚོང་བ་ཆེན་མོ་རྡོ་རྗེ་བཀྲ་ཤིས་ལགས་སུ་རྒྱ་ནག་གཞུང་གིས་གསང་བའི་ཁྲིམས་བཤེར་འོག་མི་ལོ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་བཞིན། ཕྱི་ཟླ་༢ཚེས་༢༧ཉིན་ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་ནས་བསྐྱར་དུ་ལྷ་ས་བཙོན་ཁང་མདུན་དུ་ཁོང་གི་སྤུན་མཆེད་རྡོ་རྗེ་བཀྲ་ཤིས་ལགས་སུ་ཐུག་འཕྲད་བྱ་ཆོག་པའི་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། སྤྱིར་ལྷ་ས་བཙོན་ཁང་དང་ཁྲིམས་འཛིན་སྡེ་ཁག་ནས་ཕྱི་ཟླ་༢ཚེས་༢ཉིན་རྡོ་རྗེ་བཀྲ་ཤིས་ཀྱི་གྱོད་དོན་ལ་བསྐྱར་དུ་ཞིབ་འཇུག་བྱས་ནས་དུས་ཡུན་བདུན་ཕྲག་གཅིག་གི་ནང་ཚུད་དུ་ནང་མིར་ཐག་གཅོད་བརྡ་ལན་གསལ་བོ་ཞིག་སྤྲོད་རྒྱུ་ཡིན་ལུགས་དང་། དུས་ཡུན་དེའི་རིང་ནང་མི་ཚོས་ཞུ་གཏུག་ལས་འགུལ་མཚམས་འཇོག་དགོས་ལུགས་བཤད་ཀྱང་། ཁྲིམས་འཛིན་སྡེ་ཁག་གི་དཔོན་རིགས་ཚོས་ཁ་བཤད་དོན་ལ་མ་གནས་པ་དང་ཡ་ལན་གང་ཡང་མེད་རྐྱེན་རྡོ་རྗེ་ཚེ་བརྟན་ལགས་ནས་བསྐྱར་དུ་ཞུ་གཏུག་ལས་འགུལ་སྤེལ་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་ནས། ལྷ་ས་བཙོན་ཁང་མདུན་དུ་བརྙན་ལམ་བརྒྱུད་ཞུ་གཏུག་འབོད་སྐུལ་བྱེད་བཞིན་པའི་བརྙན་ཞིག་བསྐུར་བའི་ནང་། རྡོ་རྗེ་ཚེ་བརྟན་ལགས་ནས་ང་རང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་རྡོ་རྗེ་ཚེ་བརྟན་ཡིན། ད་ལྟ་ང་རང་ཡོད་ས་དེ་ངའི་སྤུན་མཆེད་བཙོན་འཇུག་བྱས་ཡོད་སའི་ལྷ་ས་བཙོན་ཁང་མདུན་ལ་རེད། ཁོ་བོས་ལོ་གསར་སྔོན་ཚུད་ནས་སྤུན་མཆེད་རྡོ་རྗེ་བཀྲ་ཤིས་ལགས་སུ་ཐུག་འཕྲད་བྱ་ཆོག་པའི་ཞུ་གཏུག་ཐེངས་མང་བྱས་ཀྱང་། ལྷ་ས་བཙོན་ཁང་གི་ཁྲིམས་འཛིན་མི་སྣ་ཚོས་རྩ་ཁྲིམས་སྣང་མེད་དུ་བཞག་ནས་ཁྲིམས་དང་མི་མཐུན་པའི་ངང་ལས་དོན་ནར་འགྱང་དང་། འདས་པའི་ལོ་ངོ་༥རིང་ཁོང་གི་སྤུན་མཆེད་དང་ཐུག་འཕྲད་བྱེད་བཅུག་མེད་པ་མ་ཟད། རྩ་ཁྲིམས་རྩིས་མེད་དང་ཁྲིམས་ལུགས་ཀྱི་འགྲོ་སྟངས་གང་ཡང་མེད་པའི་བྱེད་ཐབས་འོག་ནང་མི་ཚོ་ཁོང་དང་ཐུག་འཕྲད་བཀག་འགོག་བྱས་ཡོད་པ་སོགས་བརྗོད་འདུག
རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་ནས་བུ་ལོན་སྔ་གཡར་དང་འབྲེལ་བའི་ངན་ཇུས་བཤམས་པའི་ཉེས་འཛུགས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ནས། གྲྭ་བཞི་བཙོན་ཁང་དུ་ཡུན་རིང་བཀག་སྟེ་ད་ཆ་མི་ལོ་བཅོ་ལྔ་ཙམ་འགྲོ་བཞིན་པའི་སྐབས་འདིར། ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་དང་གཅེན་མོ་མགོན་ཏེ་ལགས། དེ་བཞིན་གཅེན་མོའི་ཁྱོ་ག་ཆོས་སྐྱོང་ལགས་གསུམ་གྱིས་ཐེངས་མང་ལ་ཡོངས་གྲགས་ངང་ཁོང་ཀློད་གྲོལ་དགོས་པའི་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད་ལ། ད་ལན་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་ནས་མུ་མཐུད་ཐེངས་འདིར་ཁོང་གིས་བསྐྱར་དུ་ལྷ་ས་བཙོན་ཁང་ལ་རྡོ་རྗེ་བཀྲ་ཤིས་ཀྱི་གནད་དོན་དེ་ཁྲིམས་དང་མཐུན་པའི་ལག་བསྟར་ཞིག་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད་ལ། དེ་དང་འབྲེལ་ནས་ངས་སླར་ཡང་རྒྱ་ནག་དབུས་ཏང་ཀྲུང་དབྱང་དང་ཁྲིམས་འཛིན་ལྷན་ཁང་ལ་བོད་རང་སྐྱོང་ལྗོངས་ནང་ཁྲིམས་འཛིན་སྡེ་ཁག་གི་རུལ་སུངས་དང་། ཁྲིམས་མཐུན་མིན་པ་དང་དེའི་གནད་དོན་ཧ་ཅང་མངོན་གསལ་དོད་ཡིན་པ་གཙང་སེལ་བཟོ་བའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་བརྗོད་འདུག
ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ནི་མདོ་སྨད་བསང་ཆུ་རྫོང་བླ་བྲང་ས་དཀར་སྡེ་བ་ནས་ཡིན་ཞིང་། དེ་སྔ་ལྷ་སའི་གཡག་མགྲོན་ཁང་གི་བདག་པོ་ཡིན་པས། ཡོངས་གྲགས་སུ་གཡག་བཀྲ་ཤིས་ཞེས་ཀྱང་འབོད་ཀྱི་ཡོད། དེ་སྔོན་རྒྱ་ནག་གི་སྔོན་ཐོན་ཁེ་ལས་པའི་མཚན་སྙན་བྱ་དགའ་སྤྲོད་མྱོང་བ་ཞིག་ཡིན་ཡང་། ཕྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་ནག་གཞུང་ནས་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་བོད་མི་ཞི་རྒོལ་བ་ཚོར་རྒྱབ་སྐྱོར་བྱས་ལུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་དངུལ་གྱི་ཞལ་འདེབས་སྤྲད་ལུགས་ཀྱི་དོགས་གཞིའི་འོག་དོ་དམ་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༠ལོའི་ཕྱི་ཟླ་༦པའི་ཚེས་༢༦ཉིན་ལྷ་ས་མི་མང་འབྲིང་རིམ་ཁྲིམས་ཁང་ནས་གསང་བའི་ཁྲིམས་བཤེར་བྱས་པའི་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ལ་དངུལ་བུན་སྔ་གཡར་དང་འབྲེལ་བའི་ངན་བྱུས་བཤམ་པའི་ནག་ཉེས་བཙུགས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད་ལ། གནས་ཚུལ་ལྟར་ན་ཁོང་ལ་བཙོན་ཁང་ནང་རྒྱུན་རིང་མནར་གཅོད་དང་ཉེས་རྡུང་གི་རྐྱེན་པས་ལུས་པོར་སྨུག་ཐིགས་དང་ཁོང་ལ་སྙིང་ནད་དང་དེ་མིན་ཚབས་ཆེའི་ནད་གཞི་གཞན་ཡོད་པའི་རྐྱེན་གྱིས་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྡུག་པོ་ཡོད་པ་གསལ་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།