རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོས་ཡང་བསྐྱར་ཞུ་འབོད་ལས་འགུལ་སྤེལ་བར་ཉེན་རྟོག་པས་འདྲུད་ནས་ཁྲིད་འདུག

རྒྱ་ནག་གི་བཙོན་འོག་ཡོད་པའི་འབྱོར་ལྡན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོས་ལྷ་སར་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་ཁྲིམས་ཁང་གི་མདུན་དུ་ཡང་བསྐྱར་ཞུ་འབོད་ལས་འགུལ་སྤེལ་ཉེན་རྟོག་པས་བཙན་གྱིས་འདྲུད་ནས་ཁྲིད་འདུག

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོས་ཡང་བསྐྱར་ཞུ་འབོད་ལས་འགུལ་སྤེལ་བར་ཉེན་རྟོག་པས་འདྲུད་ནས་ཁྲིད་སྐབས། ༠༥།༡༠།༢༠༢༣ བོད་འབྱོར།/RFA

དེ་ཡང་འབྲེལ་ཡོད་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྙན་དང་བཅས་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གིས་བཙོན་འཇུག་བྱས་བསྡད་ཡོད་པའི་འབྱོར་ལྡན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་ཏེའམ། མགོན་པོ་སྐྱིད་ལགས་ཀྱིས་འདི་ཚེས་༡༠ཉིན་བསྐྱར་དུ་བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་དུ་མདུན་དུ། ཁོང་གི་གཅུང་པོ་རྡོ་རྗེ་བཀྲིས་ལགས་ཀྱི་ཁྲིམས་ཆད་ལ་བསྐྱར་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་ནས་ཞུ་འབོད་ལས་འགུལ་སྤེལ་འདུག་ལ་དེ་མ་ཐག་རྒྱ་ནག་གི་ཉེན་རྟོག་པ་ཁག་ཅིག་གིས་མཐའ་ནས་བསྐོར་ཏེ་བཙན་གྱིས་འདྲུད་ནས་ཁྲིད་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྱོར་བའི་བརྙན་ཐུང་ནང་། སྐབས་དེར་ཉེན་རྟོག་པས་བཙན་གྱིས་འདྲུད་ནས་འགྲོ་བཞིན་ཡོད་པ་མཐོང་ཐུབ། ཡིན་ན་ཡང་དེའི་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མ་བྱུང་།
དེའི་སྔོན་ཕྱི་ཟླ་༥བའི་ཚེས་༣ཉིན། རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས། བརྙན་ལམ་བརྒྱུད་རྡོ་རྗེ་བཀྲ་ཤིས་ལགས་སུ་བཅད་པའི་ཁྲིམས་ཆད་དྲང་བདེན་མིན་པས་ཁོང་གློད་གྲོལ་དགོས་བ་དང་། ཁྲིམས་ཆད་ལ་བསྐྱར་ཞིབ་བྱེད་དགོས་པའི་ཞུ་འབོད་བྱས་ཡོད་པ་མ་ཟད། བརྙན་ལམ་དུ་ད་དུང་དྲང་བདེན་མིན་པའི་ཁྲིམས་འགལ་བྱེད་མཁན་གཏེ་བོ་དེ་དེ་སྔའི་སྐབས་དེའི་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་དང་ཁྲིམས་ཁང་གི་ཁྲིམས་དཔོན་ཁག་ཅིག་ཡིན་པ་སོགས་འགྲེལ་བརྗོད་བྱེད་བཞིན་འདུག
དེ་སྔ་༢༠༡༠ལོའི་ཕྱི་ཟླ་༦པའི་ཚེས་༢༦ཉིན་ལྷ་སའི་རྒྱ་ནག་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསང་བའི་ཁྲིམས་བཤེར་བྱས་པ་བརྒྱུད། ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་སུ་བུ་ལོན་སྔ་གཡར་དང་འབྲེལ་བའི་ངན་ཇུས་བཤམས་པའི་ཉེས་འཛུགས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ནས་གྲྭ་བཞི་བཙོན་ཁང་དུ་བཀག་སྟེ་ད་ཆ་མི་ལོ་བཅོ་ལྔ་ཙམ་འགྲོ་བཞིན་པའི་སྐབས་འདིར། རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་དང་གཅེན་མོ་མགོན་ཏེ་ལགས། ཁོ་མོའི་ཁྱོ་ག་ཆོས་སྐྱོང་ལགས་གསུམ་གྱིས་ད་བར་ཡང་ནས་བསྐྱར་དུ་ཁྲིམས་ཁང་མདུན་སོགས་སུ་དྲང་བདེན་གྱི་ཐག་གཅོད་ཡོང་བའི་ཞུ་འབོད་ལས་འགུལ་རབ་དང་རིམ་པར་སྤེལ་ཡོད་པ་རེད།

དེའི་སྔོན་གྱི་འབྲེལ་ཡོད་གནས་ཚུལ།


གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org