རྡོ་རྗེ་ཚེ་བརྟན་ལགས་སུ་བཙོན་ཁང་ལ་མིང་ཆད་ངན་པ་བཟོས་ཚུལ་གྱིས་ཁ་རྡུང་བཏང་ཡོད་འདུག
རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་ཁོང་གི་སྤུན་མཆེད་རྡོ་རྗེ་བཀྲ་ཤིས་ལགས་སུ་ཐུག་འཕྲད་དགོས་བའི་དགོས་འདུན་བཏོན་པར་ངོས་ལེན་བྱས་མེད་པའི་ཐོག་བཙོན་ཁང་ལ་མིང་ཆད་ངན་པ་བཟོས་ཚུལ་གྱིས་ཁ་རྡུང་བཏང་ཡོད་འདུག
- 2023-01-17
-
-
-
Your browser doesn’t support HTML5 audio
ཕྱི་ལོ་༢༠༡༠ལོའི་ཕྱི་ཟླ་༦པའི་ཚེས་༢༦ཉིན་ལྷ་སའི་རྒྱ་ནག་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་གསང་བའི་ཁྲིམས་བཤེར་བྱས་པ་བརྒྱུད། ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ལ་དངུལ་བུན་སྔ་གཡར་དང་འབྲེལ་བའི་ངན་བྱུས་བཤམ་པའི་ནག་ཉེས་སོགས་བཙུགས་ཏེ་ཚེ་བཙོན་གྱི་ཁྲིམས་བཅད་ནས། ད་ལྟ་ལྷ་སའི་ཉེ་འཁྲིས་ཀྱི་གྲྭ་བཞི་བཙོན་ཁང་དུ་ཚེ་བཙོན་གྱི་ཁྲིམས་ཆད་འཁུར་ནས་ལོ་བཅོ་ལྔ་ཙམ་འགྲོ་བཞིན་ཡོད་པའི་སྐབས་འདིར། རྡོ་རྗེ་བཀྲིས་ལགས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཟླ་འདིའི་ཚེས་༦ཉིན་ལྷ་སའི་གྲྭ་བཞི་བཙོན་ཁང་གི་མདུན་དུ་ཡོངས་གྲགས་ཀྱི་ཐོག་ནས། ཁོང་གི་ནུ་བོ་དང་ཐུགས་འཕྲད་ཡོང་ཆེད་རྒྱ་གཞུང་ལ་ཡིག་ཐོག་ནས་ཞུ་སྐུལ་ཞུས་པའི་བརྙན་ཐུང་ཞིག་དྲ་ལམ་དུ་ཁྱབ་པའི་ནང་ཁོང་གི་ནུ་བོ་རྡོ་རྗེ་བཀྲ་ཤིས་བཙོན་དུ་ནད་གཞི་ལྗིད་མོ་ཕོག་ཡོད་པ་གསལ་སྟོན་དང་སྦྲགས་ནད་གཞི་དེ་གང་འདྲ་བྱས་ནས་སྨན་བཅོས་བྱེད་པའི་སྐོར་བཙོན་ཁང་ལ་རེ་བ་བཏོན་ཡང་། བཙོན་ཁང་གི་མི་སྣས་ངོས་ལེན་བྱེད་ཀྱི་མེད་སྟབས་ཁྲིམས་སྒྲིག་ལྟར་ཚང་མར་འདྲ་མཉམ་ཡོང་བར་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ལ་རེ་སྐུལ་ཞུས་ཡོད་པ་རེད། ཡིན་ནའང་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཟླ་བ་འདིའི་ཚེས་༡༣ཉིན་ཡང་བསྐྱར་དྲ་ལམ་དུ་བརྙན་ཐུང་ཞིག་སྤེལ་བ་དེའི་ནང་ཁོང་གིས་དེ་སྔོན་ཐེངས་མང་པོར་རང་གི་ནུ་བོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གྱོད་དོན་དེ་ཉེས་མེད་ལ་བསྙོན་འཛུགས་བྱས་པའི་སྐོར་ཞུ་གཏུག་ཞུས་དང་ཞུ་མུས་ལྟར། ཉེ་ཆར་ཡང་བཙོན་ཁང་དུ་སོང་ནས་ཁོང་གི་ནུ་བོར་ཐུག་འཕྲད་ཆོག་པའི་རེ་སྐུལ་བྱས་སྐབས་བཙོན་ཁང་ཕྱོགས་ནས་ནད་ཡམས་སོགས་ལ་ཁ་གཡར་ནས་ལོ་ལྔའི་རིང་ཁོང་ཚོ་དང་ཐུག་འཕྲད་བྱེད་དུ་བཅུག་མེད་པས། ཉེ་ཆར་ཁོང་ཡང་བསྐྱར་བཙོན་ཁང་དུ་སོང་ནས་ནུ་བོ་རྡོ་རྗེ་བཀྲ་ཤིས་ལ་དྲ་ལམ་བརྒྱུད་ཐུག་འཕྲད་བྱེད་དུ་འཇུག་པའི་ཆོག་མཆན་ཞུས་སྐབས་བཙོན་ཁང་གི་འབྲེལ་ཡོད་ཉེན་རྟོག་པས་ངོས་ལེན་བྱས་མེད་པ་མ་ཟད། ཉེ་སྔོན་ཁོང་གིས་སྤྱི་ཚོགས་དྲ་ལམ་བརྒྱུད་འབོད་སྐུལ་ཞུས་བ་དེས་ཁོ་ཚོའི་བཙོན་ཁང་ལ་མིང་ཆད་ངན་པ་བཟོས་ཚུལ་གྱིས་དགོངས་དག་ཞུ་དགོས་པའི་གཤེ་གཤེ་བཏང་བ་སོགས། རྡོ་རྗེ་ཚེ་བརྟན་ལགས་ནས་རྒྱ་སྐད་ཐོག་དྲ་ལམ་དུ་གསུང་བའི་ནང་། ཉེ་ཆར་ང་ཡང་བསྐྱར་བཙོན་ཁང་དུ་སོང་ནས་ནུ་བོ་རྡོ་རྗེ་བཀྲ་ཤིས་ལ་དྲ་ཐོག་ནས་ཐུག་འཕྲད་བྱེད་རྒྱུའི་སྙན་ཞུ་རེ་འདོད་ཞུས་པར། ཁོ་ཚོས་རྡོ་རྗེ་བཀྲ་ཤིས་ལ་མིག་སྐྱ་འགྲིབ་ཀྱི་ནད་བྱུང་ཡོད་པས་མཐོང་ལམ་གསལ་པོ་མེད་པ་བརྗོད་བྱུང་ལ། སྔོན་མའང་བཙོན་ཁང་དུ་རྒྱུན་རིང་ཁོ་རང་གཅིག་པོ་ནག་ཁུང་དུ་བཙོན་འཇུག་བྱས་པ་སོགས་ཀྱི་རྐྱེན་སྙིང་ནད་དང་ནད་གཞན་པ་མང་པོ་བྱུང་ཡོད་པའི་ཁར། ཉེ་ཆར་ཡང་མིག་སྐྱ་འགྲིབ་ཀྱི་ནད་བྱུང་ཡོད་པས་གཤག་བཅོས་བྱེད་དགོས་ཚུལ་བརྗོད་བྱུང་བས། ཚེས་༦ཉིན་ཁོང་ཡང་བསྐྱར་བཙོན་ཁང་དུ་སོང་ནས་རྡོ་རྗེ་བཀྲ་ཤིས་ལ་སྨན་བཅོས་བྱེད་པར་ནང་མི་མཉམ་ཞུགས་བྱེད་དགོས་པའི་རེ་ཞུ་བཏོན་པར་ཉེན་རྟོག་པའི་ཕྱོགས་ནས་ངོས་ལེན་བྱས་མ་བྱུང་ཅེས་དང་། ང་ཚོ་ནང་མི་ཚོ་ནུ་བོའི་མིག་སྐྱ་འགྲིབ་གཤག་བཅོས་བྱེད་པར་མཉམ་ཞུགས་བྱེད་པའི་རེ་བ་ཞུས་པར་བཙོན་སྲུང་ཉེན་རྟོག་པ་ཀྲང་པོ་ཟེར་བའི་ཉེན་རྟོག་པའི་ལས་གནས་ཨང་གྲངས་(5402200)་ཅན་དེས་ཁོང་གིས་དྲ་ལམ་བརྒྱུད་བཙོན་ཁང་ལ་ཡོངས་གྲགས་ཐོག་དགོངས་དག་ཞུ་དགོས་ཚུལ་དང་། དེའི་རྒྱུ་རྐྱེན་ནི་དེ་སྔོན་ཁོང་གིས་དྲ་ལམ་བརྒྱུད་ནང་མི་དང་ཁྲིམས་རྩོད་པས་རྡོ་རྗེ་བཀྲ་ཤིས་ལ་ཐུག་འཕྲད་ཞུ་རྒྱུའི་རེ་འབོད་བྱས་པ་དེས། ཁོ་ཚོའི་བཙོན་ཁང་ལ་མིང་ཆད་ངན་པ་བཟོས་ཚུལ་བརྗོད་ཀྱི་འདུག ངས་ཁྲིམས་རྩོད་པ་དང་འབྲེལ་ཡོད་ཁྲིམས་དོན་མི་སྣ་བརྒྱུད་ཤེས་རྟོགས་བྱུང་བར་དེའི་སྔོན་ལ་ང་ཚོ་ནང་མི་ཚོས་རྒྱུན་ལྡན་གྱི་ལམ་ནས་ནུ་བོར་ཐུག་འཕྲད་ཀྱི་རེ་བ་བཏོན་པར་ངོས་ལེན་མ་བྱས་བ་དང་། ཁྲིམས་རྩོད་པར་ཐུག་འཕྲད་བྱེད་པའི་གོ་སྐབས་མ་བྱིན་པ་ནི། རྒྱ་ནག་གི་ཁྲིམས་དང་འགལ་ཟླ་ཡིན་པས་ང་ཚོར་ཉེས་པ་གང་ཡང་མེད་ཕྱིར་ང་རང་ནས་དགོངས་སེལ་བྱེད་རྩིས་མེད་ཅེས་བཙོན་ཁང་གི་འབྲེལ་ཡོད་ཉེན་རྟོག་པས་རྡོ་རྗེ་བཀྲ་ཤིས་ལགས་དང་ནང་མི་ཐུག་འཕྲད་བྱེད་དུ་མ་བཅུག་པ་དེ་ནི་ཁྲིམས་མཐུན་མིན་པ་འགྲེལ་བརྗོད་གནང་འདུག
བོད་ཀྱི་ཕྱུག་བདག་ཚོང་བ་རྡོ་རྗེ་བཀྲ་ཤིས་ལགས་ནི་མདོ་སྨད་མདོ་ལྷོ་བསང་ཆུ་རྫོང་བླ་བྲང་ས་དཀར་སྡེ་བ་ནས་ཡིན་པ་དང་། དེ་སྔ་ལྷ་སའི་གཡག་མགྲོན་ཁང་གི་བདག་པོ་ཡིན་པས། ཡོངས་གྲགས་སུ་གཡག་བཀྲ་ཤིས་ཞེས་ཀྱང་འབོད་ཀྱི་ཡོད། དེ་སྔོན་རྒྱ་ནག་གི་སྔོན་ཐོན་ཁེ་ལས་པའི་མཚན་སྙན་བྱ་དགའ་ཡང་སྤྲོད་མྱོང་བ་ཞིག་ཡིན་ཡང་། ཕྱི་ལོ་༢༠༠༨ལོའི་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་སུ་ཁོང་འཛིན་བཟུང་གིས་ཐོག་མར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་དང་། རྗེས་སུ་བུ་ལོན་གཡོ་ལེན་བྱས་ཡོད་པར་བསྙད་འདོགས་ཀྱིས་ཕྱི་ལོ་༢༠༡༠ལོར་ལྷ་སའི་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ནས་ཁོང་གི་རྒྱུ་ནོར་རྒྱ་སྒོར་དུང་ཕྱུར་༤༣ཙམ་གྱི་མ་དངུལ་གཞུང་བཞེས་བཏང་ཡོད་འདུག ཡིན་ནའང་ཁོང་གི་ནང་མི་ཚོས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གྱོད་དོན་ནི་མ་ཉེས་ཁ་གཡོགས་ཡིན་པར་ངོས་འཛིན་གྱིས་འདས་པའི་ལོ་བཅུ་གྲངས་རིང་ཞུ་གཏུག་བྱས་དང་བྱེད་མུས་རེད།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།