གསེར་རྟ་རྫོང་ནས་རྡོ་རྗེ་རིན་ཆེན་གྱིས་བོད་དོན་སྐད་འབོད།
2014.10.17
དཀར་མཛེས་ཁུལ་གསེར་རྟ་རྫོང་ནས་བོད་མི་རྡོ་རྗེ་རིན་ཆེན་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་རྗེས་འཛིན་བཟུང་བྱས་ཡོད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ཚེས་༡༦ཉིན་དཀར་མཛེས་ཁུལ་གསེར་རྟ་རྫོང་གི་ཐང་ཆེན་དུ་བོད་མི་གཞོན་སྐྱེས་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་སྐབས་དེ་མ་ཐག་ས་གནས་ཉེན་རྟོག་པས་བོད་མི་དེར་ཉེས་རྡུང་དྲག་པོ་བཏང་ནས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་གིས་གསེར་རྟའི་ཐང་ཆེན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ཕྲག་བརྟན་པར་ཤོག་སོགས་སྐད་འབོད་གནང་ཡོད་འདུག ཉེས་རྡུང་གཏོང་མཁན་མང་པོ་ཞིག་ས་གནས་དེའི་བོད་མི་ཉེན་རྟོག་པ་ཡིན་པའི་སྐོར་གནས་ཚུལ་དངོས་སུ་མཐོང་མཁན་བོད་མི་ཞིག་གིས་ངོ་སྤྲོད་གནང་ཡོད། ད་ལྟའི་ཆར་ཁོང་གང་དུ་བཀག་ཉར་བྱས་ཡོད་མེད་དང་ས་གནས་ཀྱི་གནས་སྟངས་སོགས་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག
གོང་གི་འཛིན་བཟུང་བྱས་མ་ཐག་པའི་བོད་མི་རྡོ་རྗེ་རིན་ཆེན་ནམ་རྡོ་རིས་ལགས་ནི་དཀར་མཛེས་ཁུལ་གསེར་རྟ་རྫོང་ཧོར་ཤུལ་ཡུལ་ཚོའི་མ་རིག་མཚོའི་བུ་ཡིན་པ་དང་། ཁོང་འཛིན་བཟུང་མ་བྱས་གོང་གསེར་རྟ་བླ་རུང་སྒར་དུ་ཚོང་ལས་གཉེར་ཡོད་པ་དང་། དེ་སྔོན་གནུབས་ཟུར་དགོན་པའི་གྲྭ་པ་ཡིན་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
ཞིབ་ཕྲ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།