རྒྱ་གར་ Bollywood གློག་བརྙན་འཁྲབ་ཁྲིད་པ་ཞིག་ནས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐོར་དངོས་བྱུང་གློག་བརྙན་ཞིག་བཟོ་གཏན་འཁེལ་བ།

ཕྱི་ལོ་ ༡༩༩༧ ལོར་བོད་ནང་ལོ་བདུན་དང་སྐུ་མདུན་ཞེས་པའི་གློག་བརྙན་གཉིས་ཁྱབ་སྤེལ་བྱུང་རྗེས། རྒྱལ་སྤྱིའི་ཁྲོད་བོད་ཀྱི་སྐོར་གོ་རྟོགས་ཤུགས་ཆེ་བྱུང་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་ནང་ལོ་བདུན་ཞེས་པའི་གློག་བརྙན་ནང་གྲགས་ཆེ་བའི་འཁྲབ་སྟོན་པ་སྐུ་ཞབས་ Brad Pitt ལགས་ནི་རྒྱ་ནག་ནང་འགྲོ་བསྐྱོད་མི་ཆོག་པའི་དམ་དྲག་གནང་ཡོད་པ་རེད།
འདི་ཚེས་ ༦ ཉིན་རྒྱ་གར་ Bollywood གློག་བརྙན་ Bhuj ཞེས་པའི་གློག་བརྙན་གྱི་འཁྲབ་ཁྲིད་པ་སྐུ་ཞབས་ Abhishek Dhudhaiya ལགས་ནས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་གློག་བརྙན་ཞིག་བཟོ་གཏན་འཁེལ་བ་ཡོད་པ་བཞིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་གློག་བརྙན་དེ་ལམ་ལྷོང་ཡོང་ཆེད་བྱིན་རླབས་ཞུས་ཡོད་པ་རེད། མཇལ་ཁ་གྲུབ་མཚམས་སུ་སྐུ་ཞབས་ Abhishek Dhudhaiya ལགས་ཀྱིས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐོར་དངོས་འབྱུང་གློག་བརྙན་བཟོ་རྒྱུའི་ཀུན་སློང་བྱུང་ཚུལ་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་གསུངས་ན། ངའི་པ་ལགས་ཀྱི་སྤུན་མཆེད་རྣམས་ནི་ Pakistan ནས་ཡིན་དུས། དེ་སྔ་ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཁ་གྱེས་སྐབས། ཕྱོགས་གཉིས་ཀྱི་མི་རིགས་རྣམས་ལ་དཀའ་སྡུག་ཚད་ལས་བརྒལ་བ་ཞིག་འཕྲད་ཡོད་སྟབས། ངས་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་མནར་གཅོད་བཏང་སྟེ། བཙན་བྱོལ་དུ་བྲོས་དགོས་བྱུང་བ་སོགས་ཤེས་ཀྱི་ཡོད། དེས་ང་ལ་དེ་ལྟ་བུའི་དངོས་བྱུང་གློག་བརྙན་ཞིག་བཟོ་རྒྱུའི་བསམ་བློ་བྱུང་ཞེས་དང་། ང་རང་རྒྱུན་གཏན་ནས་ Bollywood གློག་བརྙན་བཟོ་སྐྲུན་དང་འབྲེལ། ཞོར་ལ་སྤྱི་ཚོགས་ལ་ཕན་པའི་གློག་བརྙན་རིགས་བཟོ་སྐྲུན་བྱེད་ཀྱི་ཡོད། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐོར་གྱི་དངོས་བྱུང་གློག་བརྙན་དེ་ནི་སྤྱི་ཚོགས་ལ་ཕན་པའི་གློག་བརྙན་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
སྐུ་ཞབས་ Abhishek Dhudhaiya ལགས་ནི་རྒྱ་གར་ Bollywood གློག་བརྙན་ Bhuj ཞེས་པ་དེ་བཟོ་སྐྲུན་གནང་ཡོད་ཅིང་། གློག་བརྙན་དེའི་ནང་འཁྲབ་སྟོན་པ་གཙོ་བོ་ནི་ Ajay Devgn ལགས་ཡིན་འདུག ཡང་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐོར་གྱི་དངོས་བྱུང་གློག་བརྙན་དེའི་མ་དངུལ་འཛུགས་མཁན་ནི་སྐུ་ཞབས་ Jay Patel ལགས་ཡིན་འདུག་ཅིང་། ཁོང་ནི་ཨ་རིའི་ནིའུ་ཡོག་ནང་བཅའ་བཞུགས་གནང་བཞིན་པར་མ་ཟད། ཁོང་གིས་དེ་སྔ་Bollywood ཡི་གློག་བརྙན་འཁྲབ་སྟོན་པ་གྲགས་ཆེ་བ་མང་དག་ཅིག་དང་མཉམ་དུ་ཕྱག་ལས་གནང་མྱོང་ཡོད་འདུག དཔེར་ན། གློག་བརྙན་འཁྲབ་སྟོན་པ་ Sanjay Dutt དང་ Radeep Hooda ལྟ་བུ། ཁོང་གིས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐོར་གྱི་དངོས་བྱུང་གློག་བརྙན་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་སྡིངས་ཆ་གལ་ཆེ་བ་མང་དག་ཅིག་སྟེང་ཁྱབ་སྤེལ་བྱ་རྒྱུ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། ང་ཚོས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐོར་གྱི་དངོས་བྱུང་གློག་བརྙན་དེ་བཟོ་སྐྲུན་གྲུབ་རྗེས། རྒྱལ་སྤྱིའི་ནང་གང་མང་ཁྱབ་སྤེལ་ཡོང་ཆེད། དྲ་ཐོག་གི་གློག་བརྙན་སྡིངས་ཆ་ Netflix དང་ Amazon ལྟ་བུའི་ནང་སྟོན་པའི་རེ་བ་བྱེད་ཀྱི་ཡོད་ལ། གང་ལྟར་ང་ཚོས་ནུས་ཤུགས་ཡོངས་རྫོགས་བཏོན་ཏེ་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ལས་གློད་གྲོལ་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་སྐུ་ཞབས་ Abhishek Dhudhaiya ལགས་ཀྱིས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐོར་གྱི་དངོས་བྱུང་གློག་བརྙན་དེའི་འཁྲབ་སྟོན་པ་དང་འབྲེལ་བའི་སྐོར་གསུངས་དོན། ང་ཚོས་ཐོག་མར་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐོར་གྱི་དངོས་བྱུང་གློག་བརྙན་དེ་གྲུབ་རྗེས། བརྙན་འཕྲིན་ནང་ལེའུ་ཅན་གྱི་གློག་བརྙན་ཞིག་ཀྱང་བཟོ་འཆར་ཡོད་པས། དངོས་བྱུང་གློག་བརྙན་དེའི་ནང་འཁྲབ་སྟོན་པ་རྣམས་ནི་བོད་རིགས་ཡིན་ལ་སྐད་ཡིག་ཀྱང་བོད་ཡིག་ཡིན། འོན་ཀྱང་། བརྙན་འཕྲིན་ནང་ལེའུ་ཅན་གྱི་གློག་བརྙན་དེའི་ནང་རྒྱ་གར་ Bollywood ཡི་གློག་བརྙན་འཁྲབ་སྟོན་པ་དང་། བོད་པའི་གློག་བརྙན་འཁྲབ་སྟོན་པ་ཁག་གཅིག་ཀྱང་ཡོད་སྐོར་དང་། ཐོག་མར་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཏེ། ལོ་གཅིག་ནང་གློག་བརྙན་བཟོ་སྐྲུན་ཐུབ་པའི་ཡོད་ཆེས་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཕྱི་ལོ་ ༡༩༩༥ ལོའི་ཟླ་བ་ ༥ པའི་ཚེས་ ༡༤ ཉིན། ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དགུང་གྲངས་དྲུག་ལ་ཕེབས་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་ཡོད་ཀྱང་། ཉིན་གསུམ་གྱི་རྗེས་ཏེ་ཕྱི་ལོ་ ༡༩༩༥ ཟླ་བ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་ཀྱིས་དེ་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཕྱིས་སུ་ ༡༩༩༥ ཟླ་བ་ ༡༢ པའི་ནང་རྒྱ་ནག་གཞུང་གིས་༸པཎ་ཆེན་རྒྱལ་མཚན་ནོར་བུ་བསྐོ་བཞག་བྱས་ཡོད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།