བོད་དུ་འཚམས་གཟིགས།
2013.08.27

༄༅། །བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་ཞིབ་སླད་ཕྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། དེ་བཞིན་གསར་འགོད་པ་སོགས་གཏོང་རྒྱུར་རྒྱ་ནག་གཞུང་ནས་དམ་བསྒྲགས་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་ནང་ཡོད་པའི་ཨོ་སེ་ཀྲེ་ལི་ཡའི་གཞུང་ཚབ་ཆེ་མོ་བས་འདས་པའི་ལོ་ངོ་གཉིས་ཙམ་རིང་བོད་ནང་ཕེབས་ཆོག་པའི་ཞུ་སྐུལ་གནང་བར་བརྟེན། འདས་པའི་བདུན་ཕྲག་སྟེ། འདི་ཚེས་༢༠ནས་༢༣བར་ཉིན་གྲངས་གསུམ་རིང་བོད་ཀྱི་རྒྱལ་ས་ལྷ་ས་དང་སྙེ་གདོང་ཁུལ་འཚམས་གཟིགས་ཕེབས་བཅུག་ཡོད་འདུག དེ་ཡང་གཞུང་ཚབ་ཀྱི་དྲ་གནས་ནང་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་གསལ་ལྟར་ན། གཞུང་ཚབ་ཆེ་མོ་བ་ལྕམ་Frances Adamson མཆོག་གིས་ལྷ་སའི་ནང་གི་ས་གནས་འབྲེལ་ཡོད་ལས་བྱེད་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་དང་། སྙེ་གདོང་ཁུལ་ཨོ་སེ་ཀྲེ་ལི་ཡའི་གཞུང་ནས་རོགས་རམ་གནང་བའི་འཕྲོད་བསྟེན་དང་། ས་ཞིང་འདེབས་ལས་ཀྱི་ལས་གཞི་ཁག་ཅིག་ཡོད་པ་དེ་དག་ལའང་རྟོགས་ཞིབ་གནང་ཡོད་འདུག ཁོང་གིས་འཚམས་འདྲི་གནང་བའི་རྗེས་སུ་རྒྱ་ནག་གཞུང་ལ་བོད་ནང་གསར་འགོད་པ་དང་། ཕྱི་རྒྱལ་གཞུང་གི་ལས་བྱེད་མང་ཙམ་འགྲོ་འོང་བྱེད་དུ་བཅུག་དགོས་པའི་འབོད་སྐུལ་གནང་ཡོད་པའི་སྐོར་ཡང་བཀོད་འདུག ལོ་འདིའི་ཕྱི་ཟླ་དྲུག་པའི་ནང་ཨ་མི་རི་ཀའི་གཞུང་ཚབ་ཆེ་མོ་བ་སྐུ་ཞབས་གྷེ་རི་ ལོཀ་མཆོག་ཀྱང་ལྷ་སའི་ཁུལ་འཚམས་འདྲིར་ཕེབས་བཅུག་ཡོད་ཀྱང་། ཁོང་བཞུགས་རྒྱུན་རིང་རྒྱུན་གཏན་ནས་དཔུང་འཇོག་བྱས་ཡོད་པའི་དམག་དཔུང་དང་། ཉེན་རྟོགས་པ་སོགས་དགོས་ངེས་མ་གཏོགས་དམ་བསྒྲགས་ཤུགས་ཆེ་ཡོད་པའི་རྣམ་པ་དེ་མེད་པ་བཟོས་ནས། གང་ལྟར་བོད་མི་ཚོ་ཞེ་སྣང་དང་དངངས་སྐྲག་མེད་པའི་ཐོག་ནས་སོ་སོའི་འཚོ་བ་སྐྱེལ་བཞིན་ཡོད་པའི་རྣམ་པ་ཞིག་བསྟན་ཡོད་ལུགས་ཀྱང་གསར་འགྱུར་བརྒྱུད་ལམ་ནང་བཀོད་འདུག །