བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་བཀྲིས་ཕུན་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་ལ་བསྔགས་བརྗོད་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་དེང་སྐབས་དབྱིན་ཇིའི་རྒྱལ་ས་ལོན་ཀྲོན་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་དང་། ལོན་ཀྲོན་དུ་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་༡༨༠་བསྡུས་པའི་འབྲེལ་གཏུགས་ཚོགས་ཆུང་གི་ཚོགས་མི་རྣམས་དང་ཐུག་འཕྲད་གནང་སྟེ་ཚོགས་པའི་བོད་དོན་ཆེད་སྤེལ་བའི་ལས་འགུལ་དེ་དག་ལ་ཧ་ཅང་བསྔགས་བརྗོད་གནང་བ་དང་སྦྲགས་བོད་དོན་བདེན་མཐའ་མགྱོགས་མྱུར་གསལ་ཆེད་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པའི་སྐོར་དང་། བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པའི་སྐོར་དཔེ་དོན་ཇི་སྙེད་ཅིག་ངོ་སྤྲོད་གནང་ཐོག་བོད་ནང་གི་ཛ་དྲག་གི་གནས་སྟངས་འདིར་གཞིགས་ནས་བོད་མིའི་སྒྲིག་འཛུགས་ཀྱིས་དངོས་ཡོད་གནས་སྟངས་དང་འཚམས་པའི་གཉིས་སྨན་དབུ་མའི་ལག་གྱི་སྲིད་ཇུས་རྒྱུན་འཁྱོངས་བྱེད་བཞིན་པ་དང་། དབུ་མའི་ལམ་གྱི་སྲིད་ཇུས་འདི་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་པ་ཞིག་ཡིན་སྟབས་རྒྱལ་ཁབ་མང་པོའི་གཞུང་མང་གཉིས་ཀས་རྒྱབ་སྐྱོར་ཆེན་པོ་གནང་དང་གནང་མུས་ཡིན་པ་དང་། བོད་ནང་གི་དངོས་ཡོད་གནས་སྟངས་ཇི་ཙམ་གོ་རྟོགས་རྒྱ་བསྐྱེད་གཏོང་ཐུབ་པ་དེའི་ཚོད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་བ་ཐོབ་རྒྱུ་ཡིན་སྐོར་གསུངས་འདུག དེ་དང་འབྲེལ་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲུབ་འབྲས་ལ་བསྔགས་བརྗོད་གནང་སྐབས། འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་བོད་དོན་རྒྱབ་སྐྱོར་ཚོགས་པས་ལས་འགུལ་ཤུགས་ཆེ་སྤེལ་བ་དེས་བོད་དོན་ལ་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཐོབ་པ་དེ་ཡོངས་གྲགས་ཆཊ་ཡོད། རྒྱབ་སྐྱོར་དེ་དག་ལ་བརྟེན་ནས་བོད་དོན་འཐབ་རྩོད་ཀྱི་རྨང་གཞི་ཧ་ཅང་སྲ་བརྟན་ཆགས་ཐུབ་ཡོད། དེ་ཡང་༧གོང་ས་མཆོག་གིས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི། བོད་མི་ཚོར་དཀོན་མཆོག་བཞི་པ་ལྟ་བུ་ཆགས་ཡོད་ཅེས་བསྔགས་བརྗོད་ཤུགས་ཆེ་མཛད་ཡོད་པས་བསྔགས་བརྗོད་དེ་ལས་ལྷག་པ་ཞིག་ཐོབ་ཐབས་མེད་ལུགས་སོགས་གསུངས་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།
བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་དེ་ཧ་ཅང་གལ་ཆེན་ཡིན།
