༧གོང་ས་མཆོག་གིས་རྒྱ་གར་གྱི་འཆམ་མཐུན་ལ་བསྔཊ་བརྗོད་གནང་།
2016.06.08
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ནང་ཆོས་ལུགས་འདྲ་མིན་མང་པོ་ཡོད་ཀྱང་ཆོས་ལུགས་ཕན་ཚུན་མཆམ་མཐུན་གྱི་ཐོག་ནས་གནས་ཐུབ་པའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་རེད་ཅེས་བཀའ་གནང་འདུག
ཁ་ས་ཕྱི་ཟླ་༦ཚེས་༧་ནས་དབུ་བཙུགས་ཀྱིས་ཉིན་གྲངས་གསུམ་རིང་རྒྱ་གར་གྱི་ན་ལེན་ཌའི་སློབ་ཕྲུག་མཐུན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་གནང་བ་བཞིན། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་དུ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་ལེའུ་བཞི་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་གནང་བཞིན་ཡོད་པ་དང་། ཆོས་ཞུ་བའི་ཁོངས་སུ་གོང་ཞུས་རྒྱ་གར་ནང་པའི་མཐུན་ཚོགས་དེའི་ཚོགས་མི་ཆིག་སྟོང་ཉིས་བརྒྱ་ཙམ་ཆེད་བཅར་ཞུས་གནང་ཡོད་པ་རེད། སྐབས་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནི་ཆོས་ལུགས་འདྲ་མིན་མཐུན་སྒྲིལ་དང་ཞི་བདེའི་ངང་གནས་པའི་ཡུལ་གྲུ་ཞིག་ཡིན་པ་རེད་ལ་ལྟ་གྲུབ་ཀྱིས་ཕྱུག་པའི་གནས་ཤིག་ཀྱང་ཡིན་པ་རེད། རྒྱ་གར་གྱི་ཆོས་ལུགས་མཐུན་ལམ་དང་ཡ་རབས་བཟང་སྤྱོད་ཀྱི་རིན་ཐང་ཁག་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་ངོས་ནས་དཔེ་བླངས་འོས་པ་ཞིག་ཡོད་པ་བཀའ་གནང་འདུག།
ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནི་ནང་པ་དང་། ཧིན་རྡུ་ཆོས་ལུགས་སོགས་ཀྱི་འབྱུང་ཡུལ་ཡིན་པ་བཀའ་གནང་ཡོད་པ་མ་ཟད། ཆོས་ལུགས་རང་སོ་སོར་ཐོུང་མ་ཡིན་པའི་ཁྱད་ཆོས་ཡོད་པ་བཀའ་གནང་བ་དང་སྦྲགས་ནང་ཆོས་ཀྱི་ཁྱད་ཆོས་ནི་ཐོག་མར་སངས་རྒྱས་ཀྱིས་བདེན་པ་བཞིའི་ཆོས་འཁོར་བསྐོར་བའི་སྐབས་ལས་རྒྱུ་འབྲས་སྐོར་གཙོ་བོ་གསུངས་པ་དེ་དང་། བདག་མེད་པའི་ལྟ་གྲུབ་ཞལ་གྱི་བཞེས་པ་དེ་གཉིས་ཡིན་པའི་སྐོར་བཀའ་གནང་འདུག
ད་དུང་དེང་སྐབས་རྒྱ་གར་ནང་ནང་ཆོས་ལ་དོན་གཉེར་གནང་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། ལྷག་པར་དུ་རྨོངས་དད་ཙམ་མིན་པར་རྒྱུ་མཚན་གྱི་ཐོག་ནས་དོན་གཉེར་གནང་བཞིན་པར་དམིགས་བསལ་དགའ་བསུ་ཡོད་ཅེས་བཀའ་གནང་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།