ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་འཐུས་མི་ཡུན་རིང་ཤོས་ལ་གནང་མཁན་ཏེ་ལྕམ་Dianne་Feinsteinལགས། སྤྱི་ཟླ་༩པའི་ཚེས་༢༨ཉིན་དགུང་ལོ་༩༠ཐམ་པའི་ཐོག་ཨ་མི་རི་ཀའི་ནང་དགོངས་པ་རྫོགས་ཡོད་པ་དང་། ལྕམ་Dianne་Feinsteinལགས་ནི་ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་དང་། ༸གོང་ས་མཆོག་གི་ཐུགས་འདྲིས་ཆེན་པོ་ཡོད་པའི་གྲོགས་པོ་གལ་ཆེན་ཞིག་ཡིན་པས། ཨ་མི་རི་ཀའི་གཞུང་གིས་བོད་དོན་རྒྱབ་སྐྱོར་རྒྱུན་མཐུད་དུ་ཡོང་བ་དང་། བོད་རྒྱ་འབྲེལ་མོལ་ཡོང་ཐབས་སུ་མཐུན་འགྱུར་གང་ལེགས་གནང་བ་སོགས། བོད་དོན་རྒྱབ་སྐྱོར་བ་ཤུགས་རྐྱེན་ཆེ་བའི་མི་སྣ་ཞིག་ཆགས་ཡོད་པར་བརྟེན། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་སྤྱི་ཟླ་༩པའི་ཚེས་༣༠ཉིན། ལྕམ་Dianne་Feinsteinལགས་ཀྱི་ཤུལ་ལུས་ནང་མི་ཚོར་ཐུགས་གསོའི་བཀའ་ཡིག་ཅིག་ཕེབས་པའི་ནང་། ལྕམ་ཁོང་གིས་མི་ཚེ་ཧྲིལ་བོར་ཨ་མི་རི་ཀ་གཞུང་མང་གི་ཞབས་འདེགས་ཞུས་ཏེ་མི་ཚེ་དོན་ལྡན་བྱུང་བ་དང་། སྤྱི་ལོ་༡༩༧༨ལོར་ཁོང་རྒྱ་གར་ཕེབས་ནས་༸གོང་ས་མཆོག་དང་ངོ་ཤེས་ཆགས་པ་ནས་བཟུང་། ཨ་རིའི་གཞུང་དང་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་གྱི་སྲིད་ཇུས་སྲ་བརྟན་ཡོང་བར། དངོས་ཤུགས་བརྒྱུད་གསུམ་ནས་ནུས་པ་བཏོན་པ་སོགས་འཁོད་ཡོད་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ནས་འགྲེལ་བརྗོད་གནང་གི་འདུག
ཕྱོགས་མཚུངས་ལྕམ་སྐུ་ཁོང་རྒྱ་ནག་གི་སྲིད་འཛིན་འདས་པོ་ཅང་ཙེ་མིན་དང་འབྲེལ་ལམ་ཐག་ཉེ་ཡོད་པར་བརྟེན། བོད་དོན་དཀའ་ངལ་སེལ་ཐབས་སུ་འབད་བརྩོན་གང་ཡོང་གནང་བ་སོགས་ལ་བཀའ་དྲིན་རྗེས་དྲན་དང་ཐུགས་སྨོན་གནང་བ་བཀའ་ཡིག་ཏུ་འཁོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་ཀྱང་ལྕམ་སྐུ་ཁོང་དགོངས་པ་རྫོགས་པར་ཚོར་ཤུགས་ཆེན་པོའི་ཐོག་ནས་མྱ་ངན་གུས་འདུད་དང་། ཁོང་ནི་༸གོང་ས་མཆོག་གི་ཡུན་རིང་མཛའ་བཤེས་ཀྱི་གྲོགས་པོ་དང་ཧ་ཅང་བློ་གྲོས་ཆེ་བའི་སྲིད་དོན་པ་ཞིག་ཡིན་པས། ཁོང་གི་བྱས་རྗེས་ཀྱིས་བོད་དོན་དང་བོད་མིའི་སེམས་ནང་ཤུགས་རྐྱེན་གཏིང་ཟབ་བཞག་ཡོད་པ། ནང་མི་ཚོར་ཕུལ་བའི་ཐུགས་གསོའི་འཚམས་འཕྲིན་ནང་འཁོད་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས། བོད་མིའི་སྒྲིག་འཛུགས་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་མྱ་ངན་དང་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་
ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་Dianne་Feinsteinལགས་ནི། སྤྱི་ལོ་༡༩༧༨ལོར་སན་ཧྥི་རན་སིད་སི་ཀོ་གྲོང་ཁྱེར་གྱི་སྤྱི་ཁྱབ་པར་བདམས་པ་དང་། སྤྱི་ལོ་༡༩༩༢ལོར་གྲོས་ཚོགས་གོང་མའི་འཐུས་མི་ཆགས་པ་ནས་བཟུང་། ཨ་མི་རི་ཀའི་སྤྱི་ཚོགས་ནང་མེ་མདའ་བཀག་སྡོམ་ཡོང་ཐབས་དང་ཁོར་ཡུག་སྲུང་སྐྱོབ། རྒྱལ་ཡོངས་བདེ་འཇགས། མི་སེར་གྱི་རང་དབང་ཐོབ་ཐང་སྲུང་སྐྱོབ་དང་དོགས་ཡོད་ཉེས་ཅན་པ་ཚོར། གང་བྱུང་མནར་གཅོད་བཙོན་ལས་བྱ་རྒྱུ་བཀག་འགོག་བྱེད་ཐབས་སོགས་ཕྱག་ལས་སྣེ་མང་གི་ཁྲོད། མགོ་འཁྲིད་མཁན་གྱི་ཆབ་སྲིད་པ་བུད་མེད་བྱས་རྗེས་འབུར་ཐོན་བཞག་མཁན་ཞིག་ཆགས་ཡོད་པ་དང་། ལྕམ་སྐུ་ཁོང་ནི་སྤྱི་ལོ་༡༩༣༣ལོར་ཨ་མི་རི་ཀའི་གྲོང་ཁྱེར་སན་ཧྥི་རན་སིད་སི་ཀོ་ཡི་ནང་འཁྲུངས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།