ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྒན་གྲས་བོད་དོན་རྒྱབ་སྐྱོར་བ་ལྕམ་(Dianne Feinstein)ལགས་དགུང་ལོ་དགུ་བཅུའི་སྟེང་དགོངས་པ་རྫོགས་འདུག

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཡུན་རིང་ཤོས་གནང་མཁན་མང་གཙོ་ཚོགས་པའི་འཐུས་མི་བོད་དོན་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ལྕམ་(Dianne Feinstein)་ལགས་དགོངས་པ་རྫོགས་འདུག ཁོང་དགུང་ལོ་དགུ་བཅུར་ཕེབས་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྒན་གྲས་ལྕམ་(Dianne Feinstein)་ལགས་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འབྲེལ་ཧ་ཅང་ཉེ་པོ་ཡོད་པའི་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་ཡིན་ལ། ཁོང་ནི་བོད་དོན་ཐད་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་འགྱུར་མེད་ཀྱི་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པར་མ་ཟད། ཨ་རིའི་གྲོས་ཚོགས་ནང་བོད་དོན་ཐད་གཟེངས་སུ་ཐོན་པའི་རྒྱབ་སྐྱོར་ཡོད་བཞིན་པའི་ཐད་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་པའི་མི་སྣ་ཞིག་ཀྱང་ཡིན་པ་རེད། ལྷག་པར་དུ་ལོ་རབས་དགུ་བཅུ་དང་ཉིས་སྟོང་གི་འགོ་སྟོད་དུ་བོད་རྒྱའི་སྐུ་ཚབ་བར་འབྲེལ་མོལ་སླར་གསོ་འབྱུང་ཐབས་ཐད་རྒྱབ་སྐྱོར་དང་མཐུན་རྒྱུར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་རེད།
ཁོང་གི་སྐུ་གཟུགས་དང་ལྷག་པར་དུ་དྲན་ཤེས་ཉམས་པའི་གནད་དོན་ནི། ཨ་རིའི་ཆབ་སྲིད་ཁོར་ཡུག་ནང་གླེང་སློང་ཆེན་པ་བྱེད་པའི་གཞི་ཡུལ་ཞིག་ཏུ་གྱུར་ཞིང་། འདི་ལོ་སྤྱི་ཟླ་༢བའི་ཚེས་༡༤་ཉིན་ལྕམ་(Dianne Feinstein)་ལགས་ཀྱིས་ཁོང་༢༠༢༤ལོའི་འོས་བསྡུའི་འགྲན་བསྡུར་ནང་ཞུགས་རྒྱུ་མིན་པ་གསལ་བསྒྲགས་གནང་ཡོད་པ་རེད། ཁོང་གློ་བུར་དུ་དགོངས་པ་རྫོགས་སྟབས། ཁོང་འདམས་ཐོན་བྱུང་སའི་ཨ་རིའི་ཀ་ལི་ཧྥོར་ནི་ཡའི་མངའ་སྡེའི་སྤྱི་ཁྱབ་ནས་འཆར་ལོའི་འོས་བསྡུ་མ་སླེབས་བར་ལྕམ་(Fienstien)་འདས་པོ་དེའི་ཚབ་ཏུ་འཕྲལ་སེལ་གྱི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་བསྐོ་བཞག་གནང་རྒྱུ་ཡིན་པ་རེད།
ལྕམ་(Dianne Feinstein)་ལགས་ནི། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐེངས་མང་མཇལ་མྱོང་ཡོད་པ་དང་། སྤྱི་ལོ་༢༠༢༢ཟླ་༩པའི་ཚེས་༣༠ཉིན་ཨ་རིའི་གཞུང་གིས་བོད་དོན་སྲིད་ཇུས་ཁྲིམས་གཞི་གཏན་འབེབས་གནང་ནས་ལོ་ངོ་ཉི་ཤུ་འཁོར་བའི་ཉིན་མོར། ལྕམ་(Dianne Feinstein)ལགས་ཀྱིས། ཨ་རིའི་བོད་དོན་གྱི་སྲིད་བྱུས་ཐོག་མ་གཏན་འབེབས་གནང་ནས་ལོ་༢༠འཁོར་བའི་དུས་དྲན་ཐོག་མཉམ་ཞུགས་གནང་གི་ཡོད་ཅེས་དང་། ངོས་ནི་བོད་དོན་གྱི་ཁྲིམས་གཞི་དེ་ཐོག་མར་ཨ་རིའི་གྲོས་ཚོགས་གོང་མའི་ནང་བཏོན་སྐབས་རྒྱབ་སྐྱོར་ཞུ་མི་གཙོ་བོ་དེ་ཡིན་པར་དགའ་སྤོབས་ཡོད། བོད་དོན་ནི་ངའི་སེམས་ཀྱི་དཀྱིལ་དུ་ཡོད་པ་མ་ཟད། ངོས་ཀྱི་བཟའ་ཟླ་དམ་པ་(Richard Blum)་ལགས་སུ་སེམས་ཚོར་ཆེ་བའི་གནད་དོན་ཞིག་ཀྱང་ཡིན་པ་གསུངས་ཡོད་པ་རེད།
ལྕམ་ཁོང་ཕྱི་ལོ་༡༩༩༢ལོར་གྲོས་ཚོགས་ཀྱི་འཐུས་མིར་བདམས་པ་ནས་བཟུང་། ཁོང་རང་ཉིད་ཀྱི་མངའ་སྡེ་ཙམ་མ་ཡིན་པར་ཨ་རིའི་མི་མང་གི་བདེ་དོན་ཆེད་གྲོས་ཆོད་གལ་གནད་ཆེ་བ། དཔེར་ན། ཉེན་ཚབས་ཆེ་བའི་མེ་མདའ་ཉར་ཚགས་བྱེད་རྒྱུ་ཁྲིམས་འགལ་ཆགས་རྒྱུའི་ཁྲིམས་གཞི་ལ་སོགས་པའི་ཐོག་ཐག་ཆོད་གནང་རྒྱུ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལའང་ཐུགས་འཁུར་ཆེན་པོ་གནང་མཁན་ཞིག་ཀྱང་ཡིན་པ་རེད་ལ། ཁོང་གི་སྐུ་ཟླ་དམ་པ་(Richard Blum)་ལགས་ཀྱང་བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚོར་དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་མཐུན་འགྱུར་རོགས་རམ་ཤུགས་ཆེ་གནང་མྱོང་མཁན་ཞིག་ཡིན་པ་རེད།
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།