རྡ་སར་རྒྱ་གར་གྱི་ཁེག་ཀེ་ཌེ་རྩེད་འགྲན།
2011.05.16
༄༅༎བདུན་ཕྲག་འདིའི་གཟའ་མཇུག་རེས་གཟའ་ཉི་མའི་ཉིན་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལར་ རྒྱ་གར་གྱི་ ཁེག་ཀེ་ཌེ་(Cricket)རྩེད་འགྲན་ནམ་དུས་བཞི་པ་དེ་ཚུགས་རྒྱུ་ཡིན་པ་ལྟར། རྩེད་འགྲན་དེ་ལྟ་བར་རྒྱ་གར་རྒྱལ་ཡོངས་ནས་ཆབ་སྲིད་མི་སྣ་དང༌། བཟོ་ཚོང་ཁེ་གཉེར་ལས་ཁང་གི་བདག་པོ། གློག་བརྙན་འཁྲབ་སྟོན་པ་སོགས་མི་གྲངས་ཁྲི་གཉིས་ལྷག་ཙམ་ཞིག་རྡ་རམ་ས་ལར་འབྱོར་རྒྱུ་ཡིན་སྐོར་རྒྱ་གར་གྱི་དུས་བབ་(The Times of India)གསར་ཤོག་ནང་གནས་ཚུལ་བཀོད་འདུག།
༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་དང་བཙན་བྱོལ་བོད་གཞུང་གི་ལྟེ་གནས་རྡ་རམ་ས་ལ་དེ་བཞིན་སྔར་༡༨༥༥ཙམ་ལ་མི་མང་པོས་དེ་ཙམ་གོ་མྱོང་མེད་པའི་གྲོང་བརྡལ་ཆུང་ངུ་ཞིག་ཡིན་པ་དང༌། དེའི་ནང་ཡུལ་མི་གནས་སྡོད་བྱེད་ས་སྔར་དབྱིན་ཇིས་རྒྱ་གར་དབང་སྒྱུར་བྱེད་སྐབས་ཀྱི་པན་ཇབ་(Punjab)མངའ་སྡེའི་སྲིད་སྐྱོང་དྲེ་ལྦིདྲ་མེཀ་ལའོདྲ་(David Mcleod)གི་མིང་ཐོགས་པའི་མེཀ་ལའོདྲ་གནཇ་(McLeod Ganj)ཁྲོམ་གཞུང་དང༌། ཡང་དབྱིན་ཇིའི་དཔོན་རིགས་ཤིག་གི་མིང་ཐོག་བཞག་པའི་ཕོར་སིཐ་གནཇ(Forsyth Ganj)གཉིས་མ་གཏོགས་མེད་པ་རེད། དེ་རྗེས་༡༩༠༤ལོར་རྡ་རམ་ས་ལ་དེ་བཞིན་ཚོང་འབྲེལ་གྱི་ལྟེ་གནས་གལ་ཆེ་ཞིག་ཆགས་ཡོད་ཅིང༌། རྒྱ་གར་ལ་དབྱིན་ཇིའི་མངའ་འོག་ནས་རང་བཙན་མ་འཐོབ་ཀྱི་བར་དབྱིན་ཇིའི་དཔོན་རིགས་ཚོས་དབྱར་ཁ་སྤྲོ་གསེང་གཏོང་ཡུལ་ཞིག་དུ་གྱུར་བ་དང༌། དེ་རྗེས་ར༡༩༥༩ལོར་རྒྱ་གར་གཞུང་གིས་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆབ་སྲིད་ཀྱི་སྐྱབས་བཅོལ་འབུལ་རྒྱུའི་ཐག་གཅོད་གནང་རྗེས་
རྡ་རམ་ས་ལའི་གནས་བབ་ཆ་ཚང་གྱུར་ནས་ རིམ་པས་ས་གནས་དེ་བཞིན་ཨ་རིའི་ཧོ་ལི་ཝུཌ་གློག་བརྙན་འཁྲབ་སྟོན་པ་ཐེ་པའི་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་སའི་ལྟེ་གནས་གལ་ཆེ་ཞིག་ཆགས་ཡོད་པ་རེད། ད་ཆ་རྒྱ་གར་གྱི་ཁེག་ཀེ་ཌེ་(Cricket)རྩེད་འགྲན་དེ་ཁུལ་དེར་རྩེད་འགོ་ཚུགས་པ་ནས་བཟུང་ཁེག་ཀེ་ཌེ་(Cricket)རྩེད་མོར་དགའ་ཞེན་ཆེ་བའི་མི་མང་པོ་ཞིག་ཁུལ་དེར་སྤྲོ་འཆམ་དུ་ཡོང་གི་ཡོད་སྟབས།
ས་གནས་དེའི་ཚོང་ལས་དང་མགྲོན་ཁང་སོགས་ལ་ཁེ་ཕན་ཆེན་པོ་ཡོད་པ་རེད།