ཁྲིམས་རྩོད་པ་གར་སོང་ཆ་མེད་དང་སེམས་འཚབ་ཀྱི་གསལ་བསྒྲགས།
2016.12.22
བོད་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མཁན་གྱི་ཁྲིམས་རྩོད་པ་ཞིག་གར་སོང་ཆ་མེད་དུ་གྱུར་པར་སེམས་འཚབ་གནང་འདུག
དེ་ཡང་རྒྱལ་སྤྱིའི་བོད་དོན་འབྲེལ་འཐུད་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་གི་ཁྲིམས་རྩོད་པ་ཅང་ཐན་ཡུང་(Jiang Tianyong)འདི་ལོའི་སྤྱི་ཟླ་༡༡་པའི་ཚེས་༢༡་ཉིན་རང་ཁྱིམ་ནས་རྒྱ་ནག་རྒྱལ་ས་པེ་ཅིང་དུ་འགྲོ་བའི་ལམ་བར་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁོང་གར་ཡོད་ཤེས་རྟོགས་མེད་པའི་སྐབས་སུ་རྒྱ་གཞུང་གིས་ཁོང་ཉིན་མ་༩རིང་བཀག་ཉར་བྱས་ནས་ད་ཆ་གློད་བཀྲོལ་བཏང་ཟིན་པའི་སྐོར་རྒྱ་གཞུང་གིས་བརྗོད་ཀྱང་ཁོང་གི་ནང་མི་དང་ཁྲིམས་རྩོད་པས་ཁོང་ག་པར་ཡོད་མིན་དང་ཁོང་གི་བདེ་སྡུག་སྐོར་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་རེད།
རྒྱ་ནག་གི་བརྒྱུད་ལམ་ཞིག་གིས་ཁོང་ལ་རྒྱལ་ཁབ་གི་གསང་བ་བཀོལ་སྤྱོད་བྱས་པའི་ཁྲིམས་འགལ་ཉེས་འཛུགས་ཕོག་སྲིད་པའི་སྐོར་བརྗོད་འདུག
ཁྲིམས་རྩོད་པ་ཅང་ཐན་ཡུང་གིས་ལོ་ངོ་༡༢་རིང་གི་ཁྲིམས་རྩོད་ཀྱི་ལས་ཡུན་ནང་བོད་ནང་༢༠༠༨་ལོར་ས་བྱི་ཞི་རྒོལ་ཆེན་མོའི་ནང་ཞུགས་མཁན་གྱི་བོད་མི་འགའ་ལ་ཁྲིམས་དོན་གྱི་ལམ་སྟོན་གནང་ཡོད་པ་བརྟེན། ༢༠༠༩་ལོར་ཁོང་གི་ཁྲིམས་རྩོད་པའི་ལག་འཁྱེར་འཕྲལ་སེལ་ཕྱིར་བསྡུ་བྱས་ཡོད། ༢༠༡༠་ཁོང་གིས་བོད་མིའི་ཆབ་སྲིད་བཙོན་པ་ཕུར་བུ་ཚེ་རིང་རིན་པོ་ཆེའི་ཁྲིམས་རྩོད་པ་གནང་བ་མ་ཟད། ༢༠༡༡་ལོར་བླ་བྲང་འཇིགས་མེད་མགོ་རིལ་ལགས་གྱི་ཁྲིམས་རྩོད་པ་ཡང་གནང་ཡོད། ད་ལམ་ཁོང་བཀག་ཉར་བྱེད་དོན་དེ་བཞིན་ཁོང་གིས་ཉེ་ལམ་༢༠༡༦་ལོའི་སྤྱི་ཟླ་༨་པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོང་ཐང་ཐོག་གི་དམིགས་བསལ་འབྲེལ་འཐུད་པ་philip Aslton་དང་མཇལ་ཕྲད་གནང་བ་ལ་རྒྱ་གཞུང་གིས་འཁོན་ལན་སློག་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་འདུག
གཞང་ཡང་གོང་ཞུས་གསར་འགོད་གསལ་བསྒྲགས་དེའི་ནང་། ད་ཐེངས་ཁོང་གར་སོང་ཆ་མེད་དུ་གྱུར་བ་དེ་ཐེངས་དང་པོ་མིན་ཞིང། ༢༠༡༡་ལོར་རྒྱ་ནག་གི་ཉེན་རྟོག་པས་ཁོང་བཙན་ཁྲིད་བྱས་ནས་ཟླ་བ་གཉིས་ལྷག་ཙམ་བཀག་ཉར་བྱས་པའི་རིང་། ཉེས་རྡུང་ཕོག་ཡོད་པ་རེད། ༢༠༡༢་ལོའི་ནང་ཁོང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཁྲེན་ཀོང་ཁྲེན་བལྟ་བར་ཕྱིན་པའི་རྐྱེན་གྱིས་ཉེས་རྡུང་བཏང་ནས་རྣ་ཅོག་གཡས་པར་སྐྱོན་ཕོག་ཡོད་པ་རེད། ཡང་སྤྱི་ལོ་༢༠༡༤་ལོའི་ནང་། ཁོང་དང་དེ་མིན་ཁྲིམས་རྩོད་པ་མང་པོ་ཞིག་དང་ནང་མི་བཅས་ཧེ་ལུང་ཅང་ས་གནས་སུ་རྒྱ་ནག་གི་བཙོན་ཁང་ནག་པོ་ལ་ལྟ་སྐོར་ཕྱིན་པའི་ཉེར་ལེན་གྱིས་བཀག་ཉར་དང་། ཉེན་རྟོག་པས་དྲག་རྡུང་བཏང་ནས་སྒལ་ཚིགས་བརྒྱད་ལ་གས་ཆག་ཤོར་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་འབྲེལ་འཐུད་ལས་ཁང་གིས་ད་ལྟ་ཁོང་གར་སོང་མེད་པའི་གནས་སྟངས་ལ་སེམས་འཚབ་ཆེན་པོ་དང་། རྒྱ་ནག་གི་བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་གྱི་ཡོད་པས་ཁོང་འཕྲལ་དུ་གློད་གྲོལ་ཡོང་ཐབས་སུ་རྒྱལ་སྤྱིའི་ཐོག་ནས་གནོན་ཤུགས་སྤྲོད་རྒྱུའི་རེ་སྐུལ་གནང་འདུག།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།