རྒྱ་ནག་གཞུང་གི་དཔོན་རིགས་བལ་ཡུལ་དུ་ལྟ་བསྐོར།
རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་རྒྱ་གཞུང་དཔོན་རིགས་བཅུའི་ཚོགས་པ་ཞིག་ཁ་ས་བལ་ཡུལ་ནང་ལྟ་བསྐོར་ལ་འབྱོར་བ།
-
2010-12-23 -
-
-
༄༅༎རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་རྒྱ་གཞུང་དཔོན་རིགས་བཅུའི་ཚོགས་པ་ཞིག་ཁ་ས་བལ་ཡུལ་ནང་ལྟ་བསྐོར་ལ་འབྱོར་ཡོད་པ་དང་བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱི་ཁྱབ་འགན་འཛིན་གཞོན་པ་ལི་ཀྲའོ་གིས་འགོ་ཁྲིད་པའི་སྐུ་ཚབ་ཚོགས་པ་འདིས་བལ་ཡུལ་གྱི་ནང་སྲིད་བློན་ཆེན་བིམ་ར་ལྦལ་མཇལ་འཕྲད་གནང་ཡོད་འདུག
བལ་ཡུལ་གྱི་ནེ་པལ་ནིའུ་སི་Nepal Newsཞེས་པའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལ་གཞིགས་ན་ རྒྱ་གཞུང་དཔོན་རིགས་དང་ནང་སྲིད་བློན་ཆེན་མཆོག་གི་བར་བོད་ནས་བལ་ཡུལ་ནང་བོད་མི་བྲོས་བྱོལ་ཡོང་མིའི་སྐོར་དང་གཞན་ཡང་བལ་ཡུལ་ནང་སྲིད་དོན་ཚོགས་ཁག་དབར་གྱི་ཞི་འགྲིག་གི་ལས་དོན་སོགས་ཀྱི་སྐོར་བཀའ་བསྡུར་བྱུང་ཡོད་པ་བཀོད་ཡོད་པ་རེད་
ཉེ་བའི་ལོ་ཤས་ནས་བལ་ཡུལ་ནང་གཞུང་འཛིན་གནས་སྟངས་བརྟན་པོ་མེད་པའི་གོ་སྐབས་དང་བསྟུན་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་གནོན་ཤུགས་ ཤུགས་ཇེ་ཆེར་ཕྱིན་ཡོད་པ་དང་ ད་རེས་ཉིན་ཤས་གོང་ལྦི་ཀི་ལིཀསི་Wikileakཞེས་པས་གསང་གནས་ཕྱིར་གྱར་བྱས་པའི་ཁུངས་སུའང་བལ་ཡུལ་གཞུང་གི་སྐོར་སྲུང་བ་ཚོས་བོད་མི་བལ་ཡུལ་ནང་བྲོས་བྱོལ་ཡོང་མཁན་ཚོ་འཛིན་བཟུང་གིས་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་པ་ཡིན་ན་ རྒྱ་ནག་གཞུང་གིས་ཁོང་རྣམས་ལ་བྱ་དགའི་ཚུལ་དུ་ལྐོག་དངུལ་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་ ཕྱོགས་མཚུངས་ནང་སྲིད་བློན་ཆེན་ར་ལྦལ་གྱི་བཀའ་བཀོད་འོག་ཉེ་ལམ་བལ་ཡུལ་གཞུང་གིས་བལ་ཡུལ་ནང་ཡོད་པའི་བཙན་བྱོལ་བོད་མི་ཚོའི་འོས་ཤོག་གི་འོས་སྒམ་བཙན་འཕྲོག་བྱས་པའི་དོན་རྐྱེན་ཡང་བྱུང་ཡོད་པ་རེད་