སློབ་དཔོན་ཆེན་པོ་ཟླ་བ་ནོར་བུ་ལགས་རྗེས་དྲན་གྱི་བགྲོ་གླེང་།
2016.04.08
ལྡི་ལིར་JNU་སློབ་ཆེན་དུ་སློབ་དཔོན་ཆེན་པོ་ཟླ་བ་ནོར་བུ་ལགས་རྗེས་དྲན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་ཚོགས་པ།
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། ཕྱི་ཚེས་༧་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱེད་པའི་Jawaharlal Nehru གཙུག་ལག་སློབ་གཉེར་ཁང་དུ། སློབ་དཔོན་ཆེན་པོ་ཟླ་བ་ནོར་བུ་ལགས་རྗེས་དྲན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་དེ་ཚོགས་གནང་ཡོད་འདུག
ད་ཐེངས་ཀྱི་བགྲོ་གླེང་གི་རྗེས་དྲན་དེ་ཚོགས་གནང་དགོས་པའི་རྒྱུ་མཚན་ནི། སློབ་དཔོན་ཆེན་པོ་ཟླ་བ་ནོར་བུ་ལགས་ཀྱིས་བོད་རིག་པའི་སློབ་གཉེར་ཐོག་ལེགས་སྐྱེས་ཇི་ཕུལ་སྐོར་བཀའ་མོལ་གནང་ཡོད་པ་རེད། ད་ཐེངས་ཀྱི་བོད་རིག་པའི་བགྲོ་གླེང་དེའི་ནང་རྒྱ་གར་དང་ཕྱི་རྒྱལ་རྒྱལ་ཁབ་ཁག་ནས་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཁག་དང་། སློབ་དཔོན་ཁག་ཅིག་ཀྱང་ཕེབས་ཡོད་འདུག
བགྲོ་གླེང་དེར་ཕེབས་པའི་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ནང་རྟེན་གཞི་བྱས་པའི་George Washingtonགཙུག་ལག་སློག་གཉེར་ཁང་གི་རྒྱལ་སྤྱིའི་རིག་པ་བ་བཀྲིས་རབ་རྒྱས་ལགས་ཀྱིས་བགྲོ་གླེང་ཐོག་དགོངས་ཚུལ་གསུངས་འདུག
ཡང་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་ལས་དོན་ཉམ་ཞིབ་ཁང་གི་མཁས་དབང་ཚེ་རིང་ཆོས་འཛིན་ལགས་ཀྱིས། སློབ་དཔོན་དམ་པ་ཟླ་བ་ནོར་བུ་ལགས་ཀྱིས་ཕྱི་ལོ་ ༡༩༥༠་ལོ་རབས་ནས་བོད་ཀྱི་གནད་དོན་དེ། རྒྱ་དཀར་ནག་གི་འབྲེལ་བར་ཤུགས་རྐྱེན་ཧ་ཅང་གི་ཆེན་པོ་ཐེབས་ཡོད་པའི་ངོས་འཛིན་གནང་བའི་སྐོར་གསུངས་འདུག
ད་ཐེངས་ཀྱི་བགྲོ་གླེང་དེ་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་གཙུག་ལག་སློབ་གཉེར་ཁང་དེའི་ནང་ཡོད་པའི་བོད་རིགས་སློབ་ཕྲུག་རྣམས་ཀྱིས་གོ་བསྒྲིགས་གནང་བ་ཞིག་ཡིན་པ་དང་། བགྲོ་གླེང་དེ་གཙུག་ལག་སློབ་གཉེར་ཁང་དེའི་སྤྱི་ཚོགས་ཚན་རིག་སློབ་གཉེར་ཁང་དུ་གནང་ཡོད་འདུག།
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།
འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་བར་གསན་རོགས་ཞུ༎
གསར་འགོད་པ་སངས་རྒྱས་རྒྱ་མཚོ།