༄༅། །བོད་ཀྱི་དུས་བབ་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ༸གོང་ས་མཆོག་གི་ཕྱག་དེབ་ཕྱོགས་བསྡུ་གནང་མཁན་མགོན་པོ་རྒྱལ་ལགས་ཀྱིས་དེ་རིང་ཕྱི་ཚེས་༢༤ཉིན་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ་༸གོང་ས་མཆོག་གི་གསུང་རྩོམ་བོད་ཡིག་ནང་ཡོད་པའི་དེབ་ ༡༡༦ ཙམ་དང་། དབྱིན་ཡིག་ཐོག་ཡོད་པ་ ༡༣༨། དེ་བཞིན། རྒྱ་ཡིག་དང་རྒྱ་གར། ཀོ་རི་ཡ་སོགས་ཀྱི་ཡི་གེའི་ནང་ཡོད་པ་བཅས་ཁྱོན་ཕྱག་དེབ་ ༢༨༠ ཙམ་འགྲེམས་སྟོན་གནང་བ་དང་འབྲེལ། རྣམ་རྒྱལ་གྲྭ་ཚང་གི་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་པ་ན་ག་སངས་རྒྱས་བསྟན་དར་ལགས། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཨ་འབྲུག་དཀོན་མཆོག་ལགས་བཅས་གདན་འདྲེན་གྱིས་༸གོང་ས་མཆོག་གི་དགོངས་གཞི་དང་བོད་མིའི་ལག་ལེན་བར་གྱི་ཁྱད་པར་དང་། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གྱི་གལ་ཆེན་རང་བཞིན། དེ་བཞིན་རྒྱ་ནག་གཞུང་དང་རྒྱ་ནག་མི་མང་གིས་༸གོང་ས་མཆོག་ལ་ལྟ་སྟངས་སོགས་ཀྱི་ཐོག་གཏམ་བཤད་གནང་ཡོད་པ་རེད། །