རྒྱ་གར་གྱི་སྲིད་བློན་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སོགས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་གནང་འདུག



དེ་ཡང་འདི་ཚེས་༦ཉིན་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༧ལ་ཕེབས་པའི་སྐུའི་འཁྲུངས་སྐར་བཞུགས་སྒར་རྡ་རམ་སཱ་ལ་གཙོས་འཛམ་གླིང་གི་ཡུལ་གྲུ་གང་སར་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་གནང་ཡོད་པ་དང་། ཉིན་དེར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་མཆོག་གིས་(twitter)་དྲ་རྒྱ་བརྒྱུད་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་བའི་ནང་། ངས་དད་གུས་ཆེན་པོའི་སྒོ་ནས་སྐུ་ཉིད་ཀྱི་འཁྲུངས་སྐར་དགའ་སྟོན་ལ་རོལ་མཁན་འཛམ་གླིང་ཡུལ་གྲུ་གང་སའི་མི་གྲངས་ས་ཡ་མང་པོ་དང་མཉམ་དུ་འཚམས་འདྲི་ཞུ། ཁྱེད་ནི་བོད་རྒྱ་ཆེའི་མི་མང་གི་རེ་བའི་ལམ་སྟོན་སྒྲོན་མེ་དང་། བཙན་གནོན་ལ་ཁ་གཏད་ཀྱི་སྙིང་རྗེའི་སྟོབས་ཤུགས་རེད། ང་ཚོས་མུ་མཐུད་དུ་སྐུ་ཉིད་དང་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཅེས་བཀོད་གནང་འདུག
དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་མཆོག་གིས་ཀྱང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འཕྲིན་སྤེལ་བའི་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་༨༧ལ་ཕེབས་པའི་འཁྲུངས་སྐར་དང་བསྟུན་ནས་གང་ཉིད་ལ་འཚམས་འདྲི་ཞུ། གང་ཉིད་ཀྱིས་ཞི་བདེ་དང་ཆོས་ལུགས་ཕན་ཚུན་འཆམ་མཐུན། དེ་བཞིན་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་དགོས་རྒྱུར་འབོད་སྐུལ་གནང་བཞིན་ཡོད་པ་དང་། གང་ཉིད་ཀྱིས་བོད་མི་ཚོ་དང་ཡང་སྒོས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་མི་མང་ཚོར་འོད་སྟོང་འཕྲོ་བའི་ལམ་སྟོན་གནང་གི་ཡོད་ཅིང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཞི་བའི་ཐབས་ལམ་གྱི་ཐོག་ནས་བོད་ཀྱི་དཀའ་གནད་སེལ་ཐབས་གནང་བཞིན་པར་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད། གང་ཉིད་ཀྱིས་འགྲོ་བ་མིའི་རིགས་ཀྱི་ཆེད་ལེགས་སྐྱེས་ཕུལ་བཞིན་པའི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུ། ཨ་རི་གཞུང་གིས་མུ་མཐུད་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་སྲོལ་རྒྱུན་ལྡན་པ་སྲུང་སྐྱོབ་ཐད་འབད་བརྩོན་ལ་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། ལྷག་པར་དུ་ཆོས་ལུགས་ཀྱི་དབུ་ཁྲིད་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་ལམ་ནས་ངོས་འཛིན་ཞུ་ཕྱོགས་ཐད་རྒྱབ་སྐྱོར་མུ་མཐུད་ནས་ཞུ་རྒྱུ་ཡིན་ཞེས་བཀོད་གནང་འདུག
གཞན་འདི་ཚེས་༦ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་མཆོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་གནང་བའི་༧གོང་ས་མཆོག་གི་འཁྲུངས་སྐར་མཛད་སྒོར་དངོས་སུ་ཕེབས་ནས་གཏམ་བཤད་གནང་ཡོད་པ་དང་།
སྐབས་དེར་དམིགས་བསལ་འབྲེལ་མཐུད་པས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་མི་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ཡོངས་ཀྱི་མི་མང་གི་སྒྲོན་མེ་ལྟ་བུ་ཡིན་པ་མ་ཟད། ༧གོང་ས་མཆོག་གིས་འཛམ་བུ་གླིང་ལ་སྤེལ་བའི་ཞི་བདེའི་བསླབ་བྱ་ནི་རླབས་ཆེན་གྱི་དགོངས་གཞི་ཡིན་དུས། ངོས་རང་ལ་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་འགན་ཡོད་པའི་ཆ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་དང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐུབ་པར་ཨ་རིའི་ངོས་ནས་རྒྱབ་སྐྱོར་གནང་རྒྱུ་ཡིན་ཅེས་དང་། ཨ་རིའི་ཕྱོགས་ནས་བོད་རྒྱ་གྲོས་མོལ་ཡོང་བར་རྟག་ཏུ་རྒྱ་ནག་གཞུང་ལ་ནན་བརྗོད་དང་སྐུལ་མ་གནང་རྒྱུ་ཡིན་པ་གསུངས་ཡོད་པ་དང་། སྐབས་དེར་ཨ་རིར་བཅའ་སྡོད་ཅེག་(Czech)་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་(Hynek Kmoníček)་ཡང་ཆེད་ཕེབས་གནང་ནས་འཁྲུངས་སྐར་དང་འབྲེལ་གཏམ་བཤད་གནང་ཡོད་པ་རེད།
གཞན་རྒྱ་གར་གྱི་སྲིད་བློན་(Narendra Modi)་མཆོག་གིས། ངས་དེ་རིང་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཞལ་པར་བརྒྱུད་འཁྲུངས་སྐར་འཚམས་འདྲི་ཞུས་ཟིན། ང་ཚོས་གང་ཉིད་སྐུ་ཁམས་གསལ་ཐང་ངང་སྐུ་ཚེ་རིང་པོར་བཞུགས་པའི་སྨོན་འདུན་ཞུ་ཞེས་རྗེས་འབྲངས་པ་མི་གྲངས་ས་ཡ་༨༠ལྷག་ཡོད་པའི་ཁོང་གི་(twitter)་དྲ་རྒྱར་བྲིས་འདུག
གཞན་སུད་སི་དང་ཇར་མན། ཁེ་ཎ་ཌ་སོགས་རྒྱལ་ཁབ་འདྲ་མིན་གྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། གནད་ཡོད་མི་སྣ་སོགས་མང་པོས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འཕྲིན་ཕུལ་ཡོད་པ་རེད།
གསར་འགོད་པ། འཆི་མེད། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།