ང་ཚོའི་ཤ་ཁྲག་རུས་གསུམ་བོད་ཡིན་པར་སྤོབས་པ་བྱ་དགོས། ༧གོང་ས་མཆོག་གིས།
2019.06.03
ང་ཚོ་ཕ་མེས་ནས་ཤ་ཁྲག་རུས་གསུམ་བོད་གངས་ཅན་ཡིན་པར་་སྤོབས་པ་བྱ་དགོས་པ་༧གོང་ས་མཆོག་ནས་རྒྱལ་ཁབ་བརྒྱད་ནས་ཆེད་བཅར་བོད་རིགས་སློབ་ཕྲུག་སུམ་སྟོང་ཙམ་ལ་བཀའ་སྩལ་འདུག
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་སུ་རྒྱལ་ཁབ་བརྒྱད་ནས་ཆེད་བཅར་གཞོན་སྐྱེས་ཚོར་ཤ་ཁྲག་རུས་གསུམ་བོད་གངས་ཅན་པའི་མེས་པོ་རྣམས་ཀྱི་བརྒྱུད་ཚར་ཡིན་པ་དང་། ང་ཚོ་བོད་མི་རིགས་འདི་རླབས་ཆེན་དང་སྤོབས་པ་བྱ་འོས་པའི་མི་རིགས་ཤིག་ཡིན་པ་དྲན་དགོས་པ་བཀའ་གནང་ཞིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་གི་འཛམ་གླིང་གི་གནས་བབས་ཐད་ལ་ཡང་དགོས་མཁོ་དང་ཕན་ཐོག་ཆེན་པོ་ཡོད་པ་དཔལ་ནལེནྡྲ་ནས་དར་བའི་སེམས་ཁམས་རིག་པ་དང་། ཚད་མ་རིག་པ། ལྟ་གྲུབ་འདི་དག་བོད་མི་རིགས་ཀྱིས་བདག་གཅེས་ཐོག་འཛམ་གླིང་མི་དམངས་ལ་ཕན་ཐོག་སྒྲུབ་བཞིན་ཡོད་པ་བཀའ་གནང་ཡོད་པ་རེད།
བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཕྱིཟླ་༦པའི་ཚེས་༣ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོའི་ལག་ལེན་སོ་བདུན་མའི་ཐོག་ནས། བོད་མི་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་ཐེངས་༡༣པ་དེ་གནང་བཞིན་ཡོད་པ་རེད།
ནང་ཆོས་ངོ་སྤྲོད་གོ་སྒྲིག་ཚོགས་ཆུང་གི་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས། ནང་ཆོས་ངོ་སྤྲོད་ཀྱི་ལོ་བཅུ་གསུམ་རིང་སློབ་ཕྲུག་ཚོའི་ཀུན་སྤྱོད་དང་ཕན་སེམས། ཕན་ཚུན་རོགས་རམ་གྱི་དགོངས་པ་བཞེས་སྟངས་བཅས་ལ་ཕན་ཐོགས་ཆེན་པོ་བྱུང་བ་ངོ་སྤྲོད་གནང་གི་འདུག
ནང་ཆོས་ངོ་སྤྲོད་དུ་བཅར་པ་ལྡི་ལི་མཐོ་སློབ་ཀྱི་སློབ་མ་བསྟན་འཛིན་གཡུ་སྒྲོན་གྱིས། ནང་ཆོས་ནི་བོད་མི་དང་འདྲེས་བསྡད་པ་ཅིག་ལ་བརྩིས་དུས་གལ་ཆེན་དུ་མཐོང་སྟེ། དོ་སྣང་དང་སྤྲོ་བ་སླེབས་ཡོང་གི་འདུག་འགྲེལ་བརྗོད་གནང་གི་འདུག
ཡང་སུ་ཇཱ་བོད་ཁྱིམ་གྱི་སློབ་ཕྲུག་ངག་དབང་དོན་གྲུབ་ཀྱིས། ནམ་རྒྱུན་དང་མི་འདྲ་བར་བསམ་བློ་གསར་པ་འཁོར་བ་དང་། ཉིན་རེའི་མི་ཚེ་ལ་འགྱུར་ལྡོག་ཆེན་པོ་ཐེབས་རྒྱུ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།
ཐེངས་འདིའི་ནང་ཆོས་ངོ་སྤྲོད་ཞུ་བར། ་ཡོ་རོབ་རྒྱལ་ཁབ་ཁག་དང་བྱང་ཨ་མི་རི་ཀ། ཤར་ཨེ་ཤེ་ཡ་བཅས་ཀྱི་རྒྱལ་ཁབ་ཁག་ནས་སློབ་ཕྲུག་ཉིས་བརྒྱ་ལྷག་བཅར་ཡོད་འདུག་ཅིང་། ། རྒྱ་གར་ནང་གི་བོད་རིགས་སློབ་ཕྲུག་དང་ཕྱི་ནང་གི་མི་མང་ཚོ་བཅས་བསྡོམས་ན། མི་གྲངས་ལྔ་སྟོང་ཙམ་བཅར་ཡོད་པ་མ་ཟད། ཉིན་གཉིས་པར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ནང་ཆོས་ངོ་སྤྲོད་གནང་གི་ཡོད་པ་རེད།