༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་དོ་རོ་པ་ཏི་མུར་མུ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ།

2024.06.20
༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་དོ་རོ་པ་ཏི་མུར་མུ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ། ༸གོང་ས་མཆོག་དང་རྒྱ་གར་གྱི་སྲིད་འཛིན་རྣམ་ཀྱི་སྐུ་པར།
སྒྲིག་བཟོ།/RFA

ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༢༠ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་དོ་རོ་པ་ཏི་མུར་མུ་(Droupadi Murmu) མཆོག་དགུང་གྲངས་ ༦༦ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་བའི་ནང་། རྒྱ་གར་སྲིད་འཛིན་མཆོག་གིས་གནའ་བོའི་རིག་གཞུང་གིས་ཕྱུག་པའི་རླབས་ཆེན་རྒྱལ་ཁབ་གང་དེའི་དབུ་ཁྲིད་པའི་རིང་།སྲིད་འཛིན་མཆོག་གི་འཕྲོད་བཞེས་དང་།དེ་བཞིན་བདེ་སྐྱིད་དང་ལམ་ལྷོང་ཡོང་བའི་སྨོན་འདུན་ཡོད་པ་གསུངས་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད། བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་གཞི་རྩ་ལྡན་པའི་རྒྱ་གར་གྱི་རིག་གཞུང་དང་དཔལ་ཡོན་ལ་བརྟེན་ནས། རྒྱ་གར་ནི་འཛམ་གླིང་ནང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་། སྲིད་འཛིན་མཆོག་ནས་འཛམ་གླིང་འདིར་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཡོང་རྒྱུར་ཕྱག་ལས་གནང་ཡོད་པ་དང་། ངོས་ནས་རྒྱ་གར་གྱིས་འཛམ་གླིང་འདིའི་ནང་ནུས་པ་ལྡན་པའི་འགོ་ཁྲིད་པར་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་གསུངས་འདུག

མཇུག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོ་བོད་མི་རྣམས་ལ་མཚོན་ན། རྒྱ་གར་ནི་དུས་ནམ་ཡང་འཕགས་པའི་ཡུལ་ཞིག་དང་། རྩ་ཆེ་བའི་རིག་གཞུང་གི་འབྱུང་ཁུངས་ཤིག་ཡིན་སྟབས། ང་ཚོར་རྒྱ་གར་གྲོགས་པོ་ཚོ་ལ་གུས་ཞབས་དང་སྤུན་ཉེ་ཡི་ཚོར་བ་བྱུང་གི་ཡོད་ལ། དེ་ནི་ངོས་ནས་སེམས་ཞི་བདེ་དང་བྱམས་སྙིང་རྗེ། དེ་བཞིན་ཁོང་ཁྲོ་སོགས་ཚོར་བ་མི་ལེགས་པ་རྣམས་ལ་གདོང་ལེན་ཐུབ་རྒྱུའི་གཞི་རྟེན་ཏེ། རྒྱ་གར་གྱི་གནའ་བོའི་རིག་གཞུང་བརྒྱུད་སེམས་དང་ཚོར་བའི་སྐོར་གོ་རྟོགས་རྒྱ་ཆེར་སྤེལ་ཐབས་བྱེད་པའི་རྒྱུ་མཚན་ཡང་ཡིན་ཞེས་གསུངས་འདུག

རྒྱ་གར་གྱི་སྲིད་འཛིན་དོ་རོ་པ་ཏི་མུར་མུ་ (Droupadi Murmu) མཆོག་ནི་རྒྱ་གར་གྱི་སྲིད་འཛིན་ཐེངས་བཅོ་ལྔ་པ་དེ་ཡིན་ཞིང་། ཁོང་མོས་ཕྱི་ལོ་ ༢༠༢༢ ནས་བཟུང་རྒྱ་གར་གྱི་སྲིད་འཛིན་གྱི་ཐུགས་འགན་བཞེས་ཡོད་པ་རེད། སྲིད་འཛིན་མུར་མུ་མཆོག་ནི་དེ་སྔ་རྒྱ་གར་གྱི་ཆབ་སྲིད་མི་སྣ་དང་དགེ་རྒན་ཞིག་ཀྱང་ཡིན་པ་རེད། ཁོང་གིས་དགུང་གྲངས་ ༦༤ ཐོག་རྒྱ་གར་གྱི་སྲིད་འཛིན་ཐུགས་འགན་བཞེས་ཡོད་པ་ནི་འདས་པའི་རྒྱ་གར་སྲིད་འཛིན་ཁྲོད་དགུང་ལོ་གཞོན་ཤོས་དེ་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། 
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ། 
དྲྭ་ཐོག་རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎