༸གོང་ས་མཆོག་གིས་རྒྱ་གར་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འཕྲིན་སྩལ་བ།
རྒྱ་གར་སྲིད་འཛིན་ཏིར་པ་ཏི་མོར་མུ་མཆོག་དགུང་ལོ་༦༥ལ་ཕེབས་པར། རྒྱ་གར་ནང་སྤྱི་ཟླ་༦པའི་ཚེས་༢༠ཉིན་སྲིད་འཛིན་ལྕམ་སྐུ་ཁོང་གི་འཁྲུངས་སྐར་སྲུང་བརྩི་བྱེད་བཞིན་པ་དང་འབྲེལ་ཏེ། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་འཚམས་འདྲིའི་གསུང་འཕྲིན་ཞིག་ཕེབས་པའི་ནང་། “ལྕམ་སྐུ་མཆོག་གི་སྐུའི་འཕྲོད་བཞེས་ཡག་པོ་དང་རླབས་ཆེན་གྱི་གནའ་བོའི་རྒྱལ་ཁབ་འདིའི་དབུ་འཁྲིད་པར་བྱ་བ་ལམ་ལྷོང་ཡོང་བའི་རེ་སྨོན་ཡོད་”ཅེས་ཕེབས་པ་དང་ཆབས་ཅིག་ཏུ། “ལོ་འདིར་བོད་མི་ཚོ་རྒྱ་གར་ནང་བཙན་བྱོལ་གྱིས་བསྡད་དེ་མི་ལོ་༦༤འཁོར་བཞིན་ཡོད་པས། ང་ཚོས་རྒྱ་གར་གཞུང་མང་གི་བྱམས་བརྩེས་རོགས་མགོན་གནང་བར་བཀའ་དྲིན་སྙིང་བཅངས་བྱེད་བཞིན་པ་དང་མཚུངས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རྒྱ་གར་གྱི་གནས་བབ་ལ་དོ་སྣང་ཅི་ཆེར་འགྲོ་སྐབས་འདིར། རྒྱ་གར་ནི་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཙམ་མ་ཟད། ད་ཆ་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱང་ཆགས་ཡོད་པ་སྟེ། རྒྱ་གར་གྱི་སྣེ་ཁྲིད་ནུས་པ་ཇེ་ཆེར་འགྲོ་བཞིན་པར་ང་ཚོས་སྤོབས་པ་བྱེད་ཀྱི་ཡོད་པ་དང་། རྒྱ་གར་གྱིས་འཛམ་གླིང་འདི་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་ཡོང་བར་ཞབས་འདེགས་རྒྱ་ཆེ་སྒྲུབ་ཐུབ་པར་ངོས་ཀྱིས་ཡིད་ཆེས་བརྟན་པོ་ཡོད་”ཅེས་བཀའ་ཕེབས་པའི་མུར། སྙིང་རྗེ་དང་འཚེ་བ་མེད་པ། ཞི་བདེ་འཆམ་མཐུན་དང་མང་གཙོ། ཁྲིམས་ཀྱི་དབང་སྒྱུར་སོགས་རྒྱ་གར་གྱིས་འཛམ་གླིང་ལ་མིག་དཔེ་སྟོན་པ་དང་ཞབས་འདེགས་སྒྲུབ་ཐུབ་པར་བཀའ་སྩལ་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ནས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་༧གོང་ས་མཆོག་གིས་རྒྱ་གར་ནི་གནའ་བོའི་ཤེས་རབ་དང་དེང་རབས་ཤེས་ཡོན་ཟུང་འབྲེལ་གྱིས་ཕན་བདེ་སྒྲུབ་ཐུབ་མཁན་ཁོ་ན་དེ་ཆགས་ཡོད་པས། རྒྱ་གར་གྱིས་སོ་སོ་ལ་ལོ་རྒྱུས་ཡུན་རིང་ཡོད་པའི་སེམས་སེམས་བྱུང་གི་རྣམ་གཞག་དང་འབྲེལ་བའི་སྲོལ་རྒྱུན་དེ། འཛམ་གླིང་ཡུལ་གྲུ་གང་སའི་གཞོན་སྐྱེས་ཚོར་སྤེལ་རྒྱུའི་རེ་སྐུལ་གནང་གི་ཡོད་པ་སོགས་འཁོད་ཡོད་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་འཆི་མེད་རིག་འཛིན་ལགས་ནས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་༧གོང་ས་མཆོག་གིས་རྒྱ་གར་གྱི་གྲོང་གསེབ་ཁུག་དཀྱོག་ཅིག་ནས་ཕེབས་པའི་ལྕམ་སྐུ་མཆོག རྒྱ་གར་གྱི་དབུ་ཁྲིད་ཆགས་པ་དེས་རྒྱ་གར་གྱི་གཟི་བརྗིད་མཚོན་གྱི་ཡོད་པ་དང་། བོད་མི་ཚོས་རྒྱ་གར་ནི་དམ་པའི་ཆོས་ཀྱི་འབྱུང་ཁུངས་ཡིན་པས་དམིགས་བསལ་གུས་བརྩི་གནང་གི་ཡོད་པར་གསུངས་ཡོད་པ་རེད།
རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཏིར་པ་ཏི་མོར་མུ་མཆོག་ནི་སྤྱི་ལོ་༡༩༥༨ལོར་རྒྱ་གར་གྱི་ཞིང་གྲོང་ཁུག་དཀྱོག་ཅིག་ནས་འཁྲུངས་ཡོད་པས། ཁོང་སྤྱི་ལོ་༢༠༢༢ལོར་རྒྱ་གར་སྲིད་འཛིན་ཁྲི་རབས་༡༥ཆགས་སྐབས། གྲོང་གསེབ་རིམ་པ་ནས་ཕེབས་པའི་སྲིད་འཛིན་ཐོག་མ་དང་བུད་མེད་སྲིད་འཛིན་ཨང་རིམ་གཉིས་པ། རྒྱ་གར་རང་བཙན་ཐོབ་རྗེས་རྒྱ་གར་ནང་སྐྱེས་པའི་སྲིད་འཛིན་དང་པོ་དང་ལོ་རྒྱུས་སྟེང་གི་རྒྱ་གར་གྱི་སྲིད་འཛིན་ལོ་ན་གཞོན་ཤོས་དེ་ཆགས་ཡོད་ཅིང་། ཁོང་གིས་རྒྱ་གར་གྱི་ཇཱར་ཁན་མངའ་སྡེའི་སྲིད་སྐྱོང་དང་ཨོ་ཌི་ས་མངའ་སྡེའི་གྲོས་ཚོགས་འཐུས་མི། མངའ་སྡེའི་བློན་ཆེན་དང་མངའ་སྡེའི་ཆུ་བེད་གློག་འདོན་གྱི་འཛིན་སྐྱོང་བ་སོགས་གནང་མྱོང་ཡོད་པ་མ་ཟད། གྲོང་གསེབ་ཏུ་དགེ་རྒན་གྱི་ཕྱག་ལས་ཀྱང་གནང་མྱོང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།