༧གོང་ས་མཆོག་སྡེ་ར་ལྡུན་ཝ་ན་མཚམས་ཁང་དུ་ཕེབས་པ།
2016.04.07

༧གོང་ས་མཆོག་གིས་ཞེ་སྡང་སོགས་ཉོན་མོངས་པའི་གཞན་དབང་འོག་མི་གསོད་ཁྲག་སྦྱོར་ཧ་ཅང་མང་པོ་ཡོང་བཞིན་པ་གསུང་བ།
ཁ་ས་ཕྱི་ཚེས་༦་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ཨུཏྟར་ཁཎྜ་མངའ་སྡེའི་རྒྱལ་ས་སྡེ་ར་ལྡུན་གྱི་ཉེ་འགྲམ་དུ་ཡོད་པའི། ཝ་ན་མཚམས་ཁང་དུ་ཆིབས་བསྒྱུར་བསྐྱངས་འདུག མཚམས་ཁང་དེར་ཞབས་སོར་འཁོད་སྐབས་ཐོག་མར་སྐུ་ཞབས་ཝིར་སིངྒ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་ཡོད་ཅིང༌། སྐུ་ཞབས་ཝིར་སིངྒ་ནི་རྒྱ་གར་གྱི་ཁེ་གཉེར་ལས་ཁང་ཆེ་གྲས་Max་སྡེ་ཚོགས་ཀྱི་གཙོ་འཛིན་ཡིན་ཞིང༌། རྒྱ་གར་ནང་Max་སྨན་ཁང་དང་སྤྱི་ཚོགས་ཞབས་ཞུ་ཁང་། མགྲོན་ཁང་དང་དེ་མིན་གྱི་ཚོང་ལས་སྡེ་ཁག་མང་པོ་ཞིག་ཡོད་པ་དེ་དག་གི་གཙོ་བདག་ཡིན་པ་རེད།
དེ་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་མང་ཚོགས་ལ་བཀའ་སློབ་སྩལ་བའི་ནང༌། མཚམས་ཁང་འདིར་ཁྱེད་རྣམས་ཀྱིས་གཞན་ཕན་གྱི་ཕྱག་ལས་ཡག་པོ་གནང་བཞིན་པར་བསྔགས་བརྗོད་ཡོད། ངོས་ཀྱི་མི་ཚེ་ཧྲིལ་པོ་འདིའི་རིང་མི་གསོད་ཁྲག་སྦྱོར་དང་འཚེ་བའི་གནས་ཚུལ་མང་དག་ཅིག་མཐོང་ཡོད། འདིར་ང་ཚོ་ཞི་བདེ་བག་ཕེབས་ངང་གནས་ཡོད་ཀྱང་ས་གནས་གཞན་དུ་ཞེ་སྡང་སོགས་ཉོན་མོངས་པའི་གཞན་དབང་འོག་མི་གསོད་ཁྲག་སྦྱོར་ཧ་ཅང་མང་པོ་ཡོང་བཞིན་ཡོད། གལ་ཏེ་མུ་མཐུད་ནས་དེ་ལྟར་ཕྱིན་པ་ཡིན་ན་དུས་རབས་༢༡་འདི་ཡང་དེ་སྔ་ལྟར་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཏུ་གྱུར་ངེས་ཡིན། འཚེ་བས་རྟག་ཏུ་སྡུག་བསྔལ་ལ་སྦྱོར་བཞིན་ཡོད། སྡུག་བསྔལ་སུས་ཀྱང་མི་འདོད། ང་ཚོ་ཚང་མས་བདེ་བ་འདོད་ཀྱི་ཡོད།
ཚན་རིག་པ་དང་སྨན་གྱི་ཉམས་ཞིབ་བྱས་པ་བརྒྱུད་གཞི་རྩའི་འགྲོ་བ་མིའི་རང་བཞིན་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ཤེས་རྟོགས་ཐུབ་ཡོད། དེར་བརྟེན་ངོས་ཀྱིས་རེ་བ་ཧ་ཅང་ཆེན་པོ་ཡོད་པ་མཐོང་བཞིན་འདུག ང་ཚོ་ཚང་མར་མ་ལས་སྐྱེས་པའི་ཉམས་མྱོང་གཅིག་མཚུངས་ཤིག་ཡོད། མའི་བྱམས་བརྩེ་མེད་ན་ང་ཚོ་འཚོ་གནས་ཐུབ་མེད། དེ་འདྲ་ཡིན་ཙང་མཚམས་ཁང་འདིའི་མིའི་ལུས་ཁམས་བདེ་པོ་བཟོ་ཆེད་ཐབས་ལམ་འདྲ་མིན་ལག་བསྟར་གནང་བཞིན་པ་དེར་བསྔགས་བརྗོད་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་གྲུབ་བསྟུན་ཁ་ས་ཕྱི་ཚེས་༦་ཉིན་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་འདུག།
གསར་འགོད་པ་ངག་དབང་ཆོས་འཕེལ།