༸གོང་ས་མཆོག་གིས། ནང་ཆོས་ལ་དད་པ་ཙམ་མིན་པར། སློབ་སྦྱོང་བྱ་རྒྱུ་གལ་ཆེ་ཡིན་པའི་སྐོར་བཀའ་སྩལ་བ།

2023.07.31
༸གོང་ས་མཆོག་གིས། ནང་ཆོས་ལ་དད་པ་ཙམ་མིན་པར། སློབ་སྦྱོང་བྱ་རྒྱུ་གལ་ཆེ་ཡིན་པའི་སྐོར་བཀའ་སྩལ་བ། ༸གོང་ས་མཆོག་ལ་དྭགས་ཏོག་ཡུལ་དུ་ཆིབས་སྒྱུར་མཛད་པའི་པར་རིས། ༢༠༢༣།༠༧།༣༡ ཉིན།
OHHDL

ཕྱི་ཟླ་ ༧ ཚེས་ ༣༡ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཏོག་ཡུལ་དུ་ཆགས་པའི་སྟོན་པ་བཅོམ་འདས་ལྡན་གྱི་སྐུ་བརྙན་ལ་གནས་གཟིགས་ཆེད་ཆིབས་སྒྱུར་བསྐྱངས་ཡོད་ཅིང་། སྐབས་དེར་༸གོང་ས་མཆོག་གིས། སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་འདི་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་ཚོར་བྱུང་། ཞེས་དང་། སྟོན་པ་བཀའ་དྲིན་ཅན་གྱི་གསུང་དྲན་པའི་ཐོག་ནས་རྟག་ཏུ་ཁོང་གི་བཀའ་དྲིན་བསམ་བཞིན་ཡོད་ཅེས་བཀའ་སྩལ་བ།

ཡང་༸གོང་ས་མཆོག་གིས། ནང་པ་སངས་རྒྱས་པའི་ཆོས་དེ་ནི། སྐྱབས་སུ་མཆི་ཟེར་བ་ཙམ་མིན་པར་ནང་སེམས་ལ་འགྱུར་བ་གང་འདྲ་གཏོང་དགོས་མིན་ཐད་གཏིང་ཟབ་པོ་ཆགས་ཡོད་ཅེས་དང་། ངོས་ནས་ཆོས་ལུགས་ཚང་མར་གུས་ཞབས་དང་རྗེས་སུ་ཡིད་རང་ཞུ་བཞིན་ཡོད། གང་ཡིན་ཟེར་ན། ཆོས་ལུགས་ཚང་མས་སེམས་པ་བཟང་པོ་བྱ་དགོས་པ་གཙོ་བོར་བཟུང་ཡོད་པ་གཅིག་མཚུངས་རེད། ཅེས་དང་། ཚང་མས་ནང་ཆོས་ལ་དད་པ་བྱས་པ་ཙམ་མ་ཡིན་པར་སློབ་སྦྱོང་གནང་དགོས་རྒྱུ་དེ་གལ་ཆེན་ཆགས་ཡོད་ཅེས་བཀའ་སྩལ་བ།

ལ་དྭགས་ཏོག་ཡུལ་དུ་ཆགས་པའི་སྟོན་པའི་སྐུ་བརྙན་དེ་ཉིད་ནི་ཕྱི་ལོ་ ༢༠༡༦ ལོར་གསར་བཞེངས་ལེགས་གྲུབ་བྱུང་ཡོད་ཅིང་། སྐབས་དེའི་དབུ་འབྱེད་མཛད་སྒོའི་སྟེང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རབ་གནས་མཛད་ཡོད་པ་རེད། ད་ལན་༸གོང་ས་མཆོག་ཏོག་ཁུལ་དུ་ཆིབས་སྒྱུར་མཛད་པ་དེ་ནི་ཐེངས་གཉིས་པ་ཆགས་ཀྱི་ཡོད་འདུག

དེ་རིང་༸གོང་ས་མཆོག་ཏོག་ཁུལ་དུ་ཆིབས་སྒྱུར་མཛད་པར་ཏོག་ཡུལ་གྱི་ས་གནས་མི་མང་རྣམས་དགའ་ཚོར་ཆེན་པོ་བྱུང་ཡོད་པའི་ཁོངས། ཏོག་ཡུལ་ནས་ཡིན་པ་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཞི་བའི་ཚལ་ཕོ་བྲང་ནས་ཞལ་པར་བརྒྱུད་༸གོང་ས་མཆོག་ཏོག་ཡུལ་དུ་ཆིབས་སྒྱུར་མཛད་རྒྱུའི་ཐུགས་འདོད་གནང་གི་འདུག་ཅེས་གསུངས་དུས། ང་རང་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་། དེ་རིང་༸གོང་ས་མཆོག་འདིར་ཆིབས་སྒྱུར་མཛད་པར་ང་ཚོ་ཏོག་ཡུལ་གྱི་མི་མང་རྣམས་ཧ་ཅང་བསོད་ནམས་ཆེན་པོར་ངོས་འཛིན་ཞུ་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་ཏོག་ཡུལ་ནས་ཡིན་པ་གཞོན་སྐྱེས་བདེ་ཆེན་དབང་མོ་ལགས་ཀྱིས། ང་ཚོས་འདིར་ཡུན་རིང་ནས་༸གོང་ས་མཆོག་གི་ཆིབས་སྒྱུར་གྲ་སྒྲིག་ཞུས་ཏེ། དེ་རིང་༸གོང་ས་མཆོག་ཆིབས་སྒྱུར་མཛད་པར་ང་ཚོ་གཞོན་སྐྱེས་ཚང་མ་ཧ་ཅང་དགའ་པོ་བྱུང་། དེ་ཡང་༸གོང་ས་མཆོག་གི་བཀའ་སློབ་སྩལ་བའི་ནང་ནས་སོ་སོའི་སེམས་ནང་ཟུག་ཤོས་ནི། དུས་རྒྱུན་དུ་ཆོས་བྱེད་རྒྱུ་དེ་གཅིག་པོ་མིན་པར། གཙོ་བོར་སེམས་བཟང་པོ་བྱ་དགོས་ཞེས་གསུངས་པ་དེ་ཆགས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

2023-07-31Leh-G17_SA18037.jpg
ཡང་ཏོག་ཡུལ་ནས་ཡིན་པ་དགེ་བཤེས་ཚེ་དབང་རྡོ་རྗེ་ལགས་ཀྱིས། ཏོག་ཡུལ་དུ་ཆགས་པའི་སྟོན་པའི་སྐུ་བརྙན་དེའི་རིང་ཚད་ནི་ཕི་ཊི་ ༧༣ དང་སྐུ་བརྙན་གྱི་བཞུགས་ཁྲིའི་འོག་འདུ་ཁང་ཞིག་ཡོད་པ་དེའི་ནང་སྟོན་པ་བཅོམ་འདས་ལྡན་གྱི་མཛད་པ་བཅུ་གཉིས་ཡོངས་རྫོགས་ལྡེབས་རིས་ཚུལ་དུ་བཀོད་ཡོད་པ་དང་། དེ་བཞིན་བོད་དང་ལ་དྭགས་གཉིས་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་ཆེན་པོ་ཆགས་ཀྱི་ཡོད་དུས། ༸རྒྱལ་བ་༸སྐུ་ཕྲེང་བཅུ་བཞི་པ། ༸སྐུ་ཕྲེང་བཅུ་གསུམ་པ། དེ་བཞིན་༸སྐུ་ཕྲེང་ལྔ་པ་བཅས་ཀྱི་ལྡེབས་རིས་བཀོད་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༧ ཚེས་ ༡༡ ཉིན་ཞབས་སོར་བདེ་བར་འཁོད་ཡོད་ཅིང་། ཕྱི་ཚེས་ ༢༡ ནས་ཉིན་གསུམ་གྱི་རིང་ལ་དྭགས་མི་མང་ལ་བཀའ་ཆོས་བཀའ་དྲིན་བསྐྱངས་ཡོད་པ་རེད།

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན། ཡེ་ཤེས་ཟླ་བ།   
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎