༸གོང་ས་མཆོག་ནས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་སྐབས། བོད་ཀྱི་བདེན་མཐའ་གསལ་བའི་དུས་ཤིག་ཏན་ཏན་ཡོང་ངེས་ཞེས་བཀའ་སྩལ་བ།
འདི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨ པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་རྣམ་རྒྱལ་གྲྭ་ཚང་གི་༸རྒྱལ་བའི་ཕོ་བྲང་ནས་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་སྐབས། ཕྱི་ནང་གི་དད་ལྡན་པ་བརྒྱ་ཕྲག་མང་པོས་ཕེབས་ལམ་གྱི་གཡས་གཡོན་དུ་ལག་ཏུ་མེ་ཏོག་དང་དཀར་གཙང་མཇལ་དར་སོགས་བསྣམས་ཏེ་ཕེབས་བསུ་དང་རྒྱང་མཇལ་ཞུས་སོང་། ཡང་ད་རེས་༸གོང་ས་མཆོག་ནས་བྱང་ཆུབ་མཆོད་རྟེན་ཆེན་མོར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ལ་གནས་གཟིགས་དང་། སྣང་གསལ་མར་མེ་ཞལ་འབྱེད་གྲུབ་རྗེས། རྒྱུན་ཆགས་གསུམ་པ་དང་། རྟེན་འབྲེལ་བསྟོད་པ། ཤེས་རབ་སྙིང་པོ། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། དེ་བཞིན་བསྟན་རྒྱས་སྨོན་ལམ་དང་། ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ་བཅས་གསུང་འདོན་གྲུབ་མཚམས། ༸གོང་ས་མཆོག་གིས་བོད་པའི་གསར་འགོད་པ་ཁག་གཅིག་ལ། ད་རེས་ཀྱི་གནས་གཟིགས་དང་འབྲེལ་བའི་སྐོར་བཀའ་སྩལ་སྐབས། བོད་ནང་ཡོད་པའི་བོད་མི་ཚོའི་ཆེད་དུ་སྨོན་ལམ་དང་བདེན་མཐའ་གསལ་བའི་དུས་ཤིག་ཏན་ཏན་ཡོང་ངེས་ཞེས་བཀའ་སྩལ་གནང་སོང་།
དེ་བཞིན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དེང་སྐབས་འཛམ་གླིང་ནང་ཕྱིའི་དངོས་པོ་ཡར་རྒྱས་ཇི་ཙམ་ཕྱིན་ཀྱང་ནང་སེམས་འཁྲུགས་པ་དང་ཆགས་སྡང་གིས་བཅིངས་པའི་གནས་སྐབས་སུ་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་བྱམས་བརྩེ་དང་རྟེན་འབྱུང་གི་བསླབ་བྱ་དེ་དག་གལ་ཆེན་པོ་ཆགས་ཀྱི་ཡོད་པ་བཀའ་ཕེབས་སོང་།
སྐབས་དེར་ཕྱི་རྒྱལ་ཨི་སི་རལ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཨིམ་བྷལ་ཀོ་ཡེན་ལགས་ཀྱིས། ང་རང་ད་རེས་འདི་གར་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་ཆེད་སླེབས་པ་ཡིན། རྡོ་རྗེ་གདན་དུ་ང་རང་སླེབས་པ་ཐེངས་མ་དང་པོ་ཡིན། དེ་རིང་ང་རང་དུས་ཡུན་རིང་པོའི་རྗེས་སུ་༸གོང་ས་མཆོག་མཇལ་བར་སེམས་ནང་དགའ་ཚོར་དང་ཚོར་བ་དམིགས་བསལ་ཞིག་བྱུང་སོང་ཞེས་གསུངས་ཀྱི་འདུག
ཡང་སོག་ཡུལ་ནས་ཕེབས་པའི་བོད་རིག་འཕྲིན་ལས་ལགས་ཞུ་བ་ཞིག་ནས། ཁོང་ད་རེས་ལོ་གསུམ་རྗེས་གནས་མཆོག་རྡོ་རྗེ་གདན་དུ་སླེབས་ནས་༸གོང་ས་མཆོག་མཇལ་རྒྱུ་དང་། ཁོང་གི་ཞལ་ནས་གསུང་ཆོས་ཞུ་རྒྱུའི་གོ་སྐབས་ཐོབ་པ་དེ་སྐལ་བ་བཟང་པོ་བྱུང་སོང་ཞེས་གསུང་གི་འདུག
དེ་བཞིན་ལ་དྭགས་ནས་ཕེབས་པའི་རང་ལོ་ ༧༢ ལ་ཕེབསས་པའི་ཨ་མ་ཡེ་ཤེས་སྒྲོལ་མ་ལགས་ཀྱིས། ཁོ་མོ་ད་རེས་༸རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་དང་། གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་མཇལ་ནས་སྐོར་བ་དང་ཕྱག་འཚལ་རྒྱུ་བྱུང་ནས་ད་ནི་ང་འཆི་ནའང་འགྱོད་པ་མེད་ཅེས་གསུངས་བྱུང་།
མཛད་འཆར་ལྟར་བྱས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༢༧ ཉིན་རྡོ་རྗེ་གདན་བྱང་ཆུབ་མཆོད་རྟེན་གྱི་ཉེས་འདབས་སུ་ཆགས་པའི་ཐའེ་ལན་ཌི་(Watpa)ནང་པའི་དགོན་པར་ཆིབས་སྒྱུར་མཛད་རྒྱུ་དང་། ཕྱི་ཚེས་ ༢༩ ནས་ ༣༡ བར་ཉིན་གྲངས་གསུམ་རིང་བྱང་ཆུབ་སེམས་འགྲེལ་དང་། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བཀའ་དྲིན་སྩལ་རྒྱུ་མ་ཟད། ཕྱི་ལོ་ ༢༠༢༣ ཟླ་བ་ ༡ ཚེས་ ༡ ཉིན་དགེ་ལུགས་ཆོས་བརྒྱུད་འཛིན་པ་ཡོངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།