༧གོང་ས་མཆོག་ཕེབས་རྒྱུར་དཀའ་ངལ་གང་ཡང་མེད།
༧གོང་ས་མཆོག་ཨ་རུ་ན་ཅལ་མངའ་ཁུལ་དུ་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་པར་དཀའ་ངལ་ཡོད་བ་མ་རེད་ཅེས་རྒྱ་གར་གཞུང་གིས་བསྒྲཊ་འདུག
-
2016-10-27 -
-
-
རྒྱ་གར་དབུས་གཞུང་གིས་འཆར་ལོའི་ཕྱི་ཟླ་༣་པའི་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་འགོག་རྐྱེན་གང་ཡང་མེད་པའི་ཐོག་ནས་ཆིབས་བསྒྱུར་བསྐྱངས་ན་འགྲིག་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག
དེ་ཡང་འདི་ཚེས་༢༧་ཉིན། སྲིད་བློན་མོ་དྷི་མཆོག་གི་སྲིད་གཞུང་ནས་གཞུང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་གནང་བའི་ནང་། ༧གོང་ས་༧ཏཱ་ལའི་བླ་མ་མཆོག་རྒྱ་གར་གྱི་ས་ཕྱོགས་ག་བར་ཕེབས་པ་ཡིན་ནས་བཀག་འགོག་རྩ་བ་ནས་མེད་ལ། ལོ་རྗེས་མའི་ཕྱི་ཟླ་གསུམ་པའི་ནང་ཨ་རུ་ན་ཅལ་མངའ་ཁུལ་དེར་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་པ་དེར་དཀའ་ངལ་ཡོད་བ་མ་རེད་ཅེས་གསུངས་འདུག
ཉེ་སྔོན་ཕྱི་ཟླ་༡༠་པའི་ཚེས་༩་ཉིན་རྒྱལ་ས་ལྡི་ལིར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ན་ཅལ་ནང་ཆིབས་བསྒྱུར་གནང་རྒྱུའི་གདནཞུ་ཕུལ་ཡོད་པར་༧གོང་ས་མཆོག་ནས་བཀའ་བཞེས་གནང་བ་ལྟར། ཕྱི་ལོ་༢༠༡༧་ལོའི་ཕྱི་ཟླ་གསུམ་པའི་གཟའ་འཁོར་གཉིས་པའི་ནང་ཁུལ་དེར་ཆིབས་བསྒྱུར་བསྐྱངས་གཏན་འཁེལ་ཡོད་པ་རེད།
རྒྱ་གར་གྱི་གསར་ཤོག་ནང་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོའི་ལས་ཁུངས་ཀྱི་ལས་བྱེད་པ་གཅིག་གིས་འགྲེལ་བརྗོད་གནང་དོན། ༧གོང་ས་ཏཱ་ལའི་བླ་མ་མཆོག་རིང་མིན་༢༠༡༧་ལོའི་ཕྱི་ཟླ་གསུམ་པའི་ནང་ཨ་རུ་ན་ཅལ་མངའ་སྡེར་བདུན་གཉིས་རིང་ཆིབས་བསྒྱུར་གནང་རྒྱུའི་གདན་ཞུ་ཕུལ་ཡོད་པ་བཞིན། ༧གོང་ས་མཆོག་མོན་རྟ་དབང་དང་། རྒྱལ་ས་ཨི་ཏྲ་ན་གར། དེ་བཞིན་ཨ་རུ་ན་ཅལ་མངའ་སྡེའི་ཤར་ཕྱོགས་རྫོང་སྡེ་ཁག་གི་ནང་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་དང་འབྲེལ། དེ་སྔ་བོད་ལ་དུས་འགྱུར་བྱུང་བའི་སྐབས་བོད་ནས་རྒྱ་གར་ལ་ཡུལ་བྱོལ་ཕེབས་སྐབས་རྟ་དབང་བརྒྱུད་ཕེབས་པར་བརྟེན། ཨ་རུ་ན་ཅལ་མངའ་སྡེ་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབར་དམིགས་བསལ་འབྲེལ་བ་ཞིག་ཡོད་སྐོར་འགྲེལ་བརྗོད་གནང་འདུག
༧གོང་ས་མཆོག་ལ་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་གདན་ཞུ་ལན་མང་ཕུལ་ཡོད་པ་དང་། དེ་སྔོན་༢༠༠༩་ལོར་མོན་རྟ་དབང་ལ་ཆིབས་བསྒྱུར་གནང་ཡོད། རྒྱ་ནག་གིས་སྐྱོན་བརྗོད་བྱེད་མིན་ལ་མ་བལྟོས་པར་ཉེ་ཆར་རྒྱ་གར་ནང་བཅའ་ཞུགས་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་Richard Verma་ཉེ་དུས་ཨ་རུ་ན་ཅལ་མངའ་སྡེའི་ནང་ཕེབས་ཡོད་པ་བཞིན། རྒྱ་ནག་གིས་༧གོང་ས་མཆོག་གི་ཆིབས་བསྒྱུར་ལའང་སྐྱོན་བརྗོད་ངེས་པར་དུ་བྱེད་སྲིད་པའི་སྐོར་རྒྱ་གར་གྱི་གསར་ཤོག་ཁག་ནང་གནས་ཚུལ་སྤེལ་འདུག།
གསར་འགོད་པ་གུ་རུ་ཆོས་སྐྱིད་དང་རིག་ལྡན་སྒྲོལ་མ།