སེམས་ཀྱི་ཞི་བདེ་རྒྱལ་སྤྱིའི་ཚོཊ་པ་དང་གཞུང་གིས་བསྐྲུན་མི་ཐུབ།
2014.10.22
༧གོང་ས་མཆོག་གིས་ནང་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་ནི་རྒྱལ་སྤྱིའི་ཚོགས་པ་དང་གཞུང་གིས་བསྐྲུན་མི་ཐུབ་པར་ཤེས་ཡོན་དགོས་བ་གསུངས་འདུག
དེ་ཡང་སྤྱི་ནོར་༧གོང་ས་མཆོག་གིས་ཕྱི་ཟླ་བཅུ་པའི་ཚེས་༢༡ཉིན་གྱི་སྔ་དྲོ་གྲོང་ཁྱེར་Vancouverནང་གི་John Oliverསློབ་གྲྭ་ཆེ་མོར་ཆིབས་བསྒྱུར་གྱིས་ཁེ་ན་ཊའི་སློབ་ཕྲུག་དང་ལྷན་དུ་བྱམས་བརྩེའི་བསམ་བློ་གོང་འཕེལ་གཏོང་ཐབས་ཀྱི་བགྲོ་གླེང་ཚོགས་མགོན་དུ་ཆིབས་བསྒྱུར་མཛད་པ་དང། ཉིན་དེའི་ཕྱི་དྲོ་Vancouver ཚོགས་ཁང་ཆེན་མོའི་ནང། དཔལ་འབྱོར་དང་དབང་རྩ། སེམས་ཁམས་རིག་པ་བ། སྤྱི་ཚོགས་བདེ་དོན་སོགས་ཀྱི་རྒྱལ་སྤྱིའི་གྲགས་ཅན་མཁས་པའི་ལྷན་དུ་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ལ་ཤེས་ཡོན་གྱི་གནད་འགག་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་དེ། ནང་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་ནི་རྒྱལ་སྤྱིའི་ཚོགས་པ་དང་གཞུང་གིས་བསྐྲུན་མི་ཐུབ་པར་དེ་ནི་ཤེས་ཡོན་ཁོ་ནའི་ཐོག་ནས་སྐྲུན་ཐུབ་ཀྱི་ཡོད་པ་དང་། ཤེས་ཡོན་ནི་མིའི་སེམས་བརྒྱུད་དུ་ཞི་བདེ་དང་བདེ་སྐྱིད་སྐྲུན་ཐབས་ཀྱི་ཆ་རྐྱེན་གལ་ཆེན་པོ་ཡིན་པའི་བཀའ་སློབ་སྩལ་གནང་ཡོད་པ་རེད།
ད་རེས་༧གོང་ས་མཆོག་གི་མཛད་འཆར་གོ་སྒྲིག་ཞུ་མཁན་ནི་གོང་ས་མཆོག་གི་མཚན་ཐོགས་པའི་ཏཱ་ལའི་བླ་མའི་ཞི་བདེ་དང་ཤེས་ཡོན་ཐེབས་རྩ་ཁང་ཞེས་པ་དེ་ཡིན་ཞིང། ཐེབས་རྩ་ཁང་དེའི་འགན་འཛིན་སྐུ་ཞབས་Victor Chanགྱིས། ༧གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་དུ་སློབ་ཕྲུག་ཚོར་ཡ་རབས་བཟང་པོ་བྱ་དགོས་པ་དང། འགྲོ་བ་མི་ཕན་ཚུན་མཐུན་ལམ་བྱ་དགོས་པ་དང། སེམས་བརྒྱུད་བཟང་པོ་བྱ་དགོས་པ། དེ་བཞིན་སྤྱི་ཚོགས་ཞི་བདེ་དང་བདེ་སྐྱིད་བསྐྲུན་ཐབས་ལ་ན་གཞོན་ཚོར་འགན་ཁྲི་ཆེན་པོ་ཡོད་པའི་ལམ་སྟོན་བཀའ་སློབ་ཕེབས་ཀྱི་ཡོད་པ་དེ་དངོས་སུ་སློབ་གྲྭའི་ནང་སློབ་ཕྲུག་ཚོར་ཤེས་ཡོན་སློབ་ཁྲིད་བྱེད་པའི་སྐབས་ལག་བསྟར་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པ་ངོས་འཛིན་ཞུ་གི་ཡོད་ལ། ལྷག་པར་དུ་༧གོང་ས་མཆོག་གིས་འགྲོ་བ་མིའི་ཀླད་པ་དང་སེམས་གཉིས་ཀྱི་སློབ་གསོ་དང་སེམས་བརྒྱུད་དུ་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཀྱི་དགོངས་གཞི་དེ་དག་ལོ་འདིའི་ནང་ཁེ་ན་ཊའི་ནང་དུ་ཡོད་པའི་British Colombiaམངའ་སྡེའི་ཤེས་ཡོན་སྲིད་ཇུས་ནང་ལག་བསྟར་གནང་རྒྱུའི་འཆར་གཞི་ཡོད་པའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
༧གོང་ས་མཆོག་ཁེ་ན་ཊའི་གྲོང་ཁྱེར་Vancouverནང་ཐེངས་དང་པོ་༢༠༠༤ ལོ་ཆིབས་བསྒྱུར་མཛད་ནས་ད་བར་ཐེངས་བཞི་ཆིབས་བསྒྱུར་བསྐྱང་གནང་ཡོད་པ་དང། ད་རེས་ཕྱི་ཚེས་༢༡ དང་༢༤བར་ཉིན་གྲངས་བཞིའི་རིང་མཛད་འཆར་བསྐྱང་གནང་གི་ཡོད་པ་དང། ཕྱི་ཚེས་༢༢ཉིན་མང་ཚོགས་ལ་དགེ་བཤེས་གླང་རི་ཐར་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་བསྩལ་གནང་རྒྱུའི་མཛད་འཆར་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།