སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ད་ན་བུ་སི་གཙུག་ལག་སློབ་གཉེར་ཁང་གིས་མངོན་བསྟོད་གཟེངས་རྟགས་འབུལ་ལམ་ཞུས་འདུག

2025.03.03
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ད་ན་བུ་སི་གཙུག་ལག་སློབ་གཉེར་ཁང་གིས་མངོན་བསྟོད་གཟེངས་རྟགས་འབུལ་ལམ་ཞུས་འདུག ༸གོང་ས་མཆོག་དང་གཙུག་ལག་སློབ་ཁང་གི་སྐུ་ཚབ་རྣམ་པ། ༢༠༢༥།༠༣།༠༣
OHHDL

ཕྱི་ཟླ་ ༣ ཚེས་ ༣ རེས་གཟའ་ཟླ་བའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བོད་རྒྱལ་ལོ་ ༢༡༥༢ རབ་གནས་ཤིང་སྦྲུལ་ལོའི་མཇལ་ཁ་ཐོག་མར་དེ་རྣམ་རྒྱལ་གྲྭ་ཚང་གི་དགེ་ལས་སློབ་ཕྲུག་དང་གྲྭ་ཟུར་༢༠༠ ཙམ་དང་། དེ་བཞིན་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པ་ཁྱོན་ ༣༠༠ ལྷག་ལ་མཇལ་ཁ་རྩལ་གནང་ཡོད་པ་མ་ཟད། གཞན་ཡང་དེ་རིང་མགོན་པོ་མཆོག་ལ་ད་ན་བུ་སི་གཙུག་ལག་སློབ་གཉེར་ཁང་གིས་མངོན་བསྟོད་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུས་འདུག

དེ་རིང་གི་མཇལ་ཁ་དང་འབྲེལ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་གྲྭའི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན་ལ། དུས་རྒྱུན་རང་རེས་༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་དེ་མི་ཚེའི་ནང་བདེ་སྐྱིད་ཆེ་ཤོས་ཤིག་དང་སྐལ་བ་བཟང་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། དེ་རིང་བོད་ཀྱི་ལོ་གསར་ཚེས་བཞི་ལ་དེ་ལྟ་བུའི་གོ་སྐབས་བྱུང་བར་ཧ་ཅང་གི་བསྐལ་པ་བཟང་པོ་བྱུང་ཞེས་དང་། དེ་བཞིན་སྐབས་དེར་༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༧ ལོར་རྣམ་རྒྱལ་གྲྭ་ཚང་གི་སློབ་གྲྭ་དབུ་འབྱེད་བཀའ་དྲིན་བསྐྱང་པ་ནས་ད་བར་སློབ་ཕྲུག་ག་ཚོད་ཐོན་ཡོད་མེད་དང་། དགེ་རྒན་དང་སློབ་ཕྲུག་ལས་བྱེད་བཅས་ཀྱི་ཁ་གྲངས། གཞན་ཡང་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་དང་བཀའ་དྲིན་ལ་བརྟེན་གྲུབ་འབྲས་གཟེང་སུ་ཐོན་པ་བྱུང་བ་དེ་རིང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་སྙན་སེང་ཞུས་རྒྱུའི་གོ་སྐབས་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

For Web2.jpg
མཇལ་བཅར་བའི་ལྷན་དཔར།

སྤྱིར་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དང་སྟབས་བསྟུན་འདི་ཚེས་ ༥ རེས་གཟའ་ལྷག་པ་ཉིན། དགའ་ལྡན་ཕོ་བྲང་གི་ལས་བྱེད་དང་ལས་བྱེད་ཟུར་པ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་དང་རྒྱལ་སྤྱི་རྣམ་ཟུར་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་གནང་རྒྱུ་གཏན་འཁེལ་ཡོད་པ་དང་། དེ་དང་འབྲེལ་ཏེ་རྣམ་རྒྱལ་གྲྭ་ཚང་གི་སློབ་གྲྭའི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ནས་འགྲེལ་བརྗོད་གནང་དོན་ལ། ད་ཐེངས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དེ་༸རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་ཉེར་ལྔའི་ཁོངས་ཀྱི་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་ཕུལ་གྱི་ཡོད་པ་དང་། བརྟན་བཞུགས་དེ་ལ་གཟིམ་ཆུང་བརྟན་བཞུགས་ཀྱང་ཞུ་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཨ་རི་གནས་སྡོད་རྣམ་རྒྱལ་གྲྭ་ཚང་གི་གྲྭ་ཟུར་རྒྱལ་མཚན་མི་འགྱུར་ལགས་ཀྱིས། དེ་རིང་ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་ཡུན་རིང་རྗེས་༸གོང་ས་མཆོག་གི་མཇལ་ཁ་ཐོབ་པར་ཧ་ཅང་གི་དགའ་སྣང་ཆེན་པོ་དང་། ཚོར་སྣང་དམིགས་བསལ་ཞིག་བྱུང་ཡོད་པ་མ་ཟད། དེ་རིང་འདིར་བརྟན་བཞུགས་བསྟར་འབུལ་ཆེད་རྣམ་ཟུར་མང་དག་ཅིག་ལྷན་འཛོམས་གནང་ཡོད་པ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པར་རྟེན་འབྲེལ་བཟང་པོ་བྱུང་སོང་ཞེས་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་དེ་རིང་རོ་མཱ་ནི་ཡའི་ད་ན་བུ་སི་གཙུག་ལག་སློབ་གཉེར་ཁང་གི་ (Danubius University of Galati) སྐུ་ཚབ་འཐུས་མི་ཁག་གཅིག་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ (Honorary doctorate)མངོན་བསྟོད་གཟེངས་རྟགས་འབུལ་བཞེས་མཛད་འདུག་ཅིང་།  སྤྱིར་མགོན་པོ་མཆོག་ཡུ་རོབ་གྱི་རྒྱལ་ཁབ་རོ་མཱ་ནི་ཡར་གདན་འདྲེན་ཞུས་འཆར་འདུག་ཀྱང་མགོན་པོ་མཆོག་གི་དགུང་ལོའི་གནས་བབ་ཀྱིས་ཕེབས་ཐུབ་མེད་པ་རེད་འདུག

ཡང་དེ་རིང་མཇལ་ཁའི་ཁྲོད་སོག་པོ་དད་ལྡན་པ་ ༡༧ ཙམ་ཕེབས་འདུག་ལ། མཇལ་བཅར་བ་ཡུམ་ཆིག་མ་ཨ་ཏར་བོལདྲ་ (Yumchigmaa Atarbold) ལགས་ཀྱིས། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བ་དེ་དངོས་གནས་ཉམས་མྱོང་མི་འདྲ་བ་ཞིག་བྱུང་སོང་ལ་བྱིན་རླབས་ཀྱང་ཧ་ཅང་ཆེན་པོ་བྱུང་། ང་འདྲ་བའི་གཞོན་སྐྱེས་གཞན་ལའང་གོ་སྐབས་དེ་འདྲ་བྱུང་བའི་རེ་བ་ཡོད། ང་ཚོར་མཇལ་ཁའི་གོ་སྐབས་གནང་བར་བཀའ་དྲིན་ཆེན་པོ་ཚོར་བྱུང་ཞེས་ཞུས་པར་མགོན་པོ་མཆོག་ནས་དབུ་གཡུག་གཡུག་གནང་ནས་བཞད་མོ་བཞད་སོང་། དེ་རིང་གི་ཚོར་བ་དེ་བརྗོད་དཀའ་བ་ཞིག་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག

For Web5.jpg
བལ་པོ་མཇལ་བཅར་བ་ཁག་ཅིག

གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདུན་རེའི་རེས་གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་སུ་སྐུ་མགྲོན་དང་། མང་ཚོགས་ལ་མཇལ་ཁ་སྩལ་གནང་གི་ཡོད་ལ། བོད་ལོའི་ལོ་གསར་གྲུབ་པའི་རྗེས་མགོན་པོ་མཆོག་ནས་དེ་རིང་མཇལ་ཁ་ཐོག་མ་དེ་སྩལ་གནང་ཡོད་པ་རེད།། 

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎