བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཡོའུ་ཁུ་རན་(Ukraine)རྒྱལ་ཁབ་ནས་ཆེད་དུ་ཕེབས་པའི་ཆེད་ལས་མི་སྣ་ཁག་ཅིག་དང་མཇལ་མོལ་གནང་འདུག
དེ་ཡང་སྤྱི་ཚེས་༡༣ ཉིན་ཡོའུ་ཁུ་རན་(Ukraine)རྒྱལ་ཁབ་ཀྱི་ཤེས་རིག་བློན་ཆེན་གྱི་སློབ་སྟོན་པ་འབུམ་རམས་པ་(Oleksandr Elkin)་མཆོག་གིས་སྣེ་ཁྲིད་འོག་ཡོའུ་ཁུ་རན་(Ukraine) རྒྱལ་ཁབ་ཀྱི་གཞུང་འབྲེལ་མི་སྣ་དང་། སློབ་གྲྭའི་སློབ་སྤྱི། དགེ་རྒན། ཚོང་པ། དེ་བཞིན་སྤྱི་ཚོགས་ཞབས་ཞུ་བ་སོགས་མི་སྣ་༡༦ ལ་བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་དུ་མཇལ་མོལ་གནང་ནས་དེང་རབས་ཀྱི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་བགྲོ་གླེང་གནང་འདུག
འབུམ་རམས་པ་(Oleksandr Elkin) མཆོག་གིས་༧གོང་ས་མཆོག་དང་ལྷན་དུ་མཇལ་མོལ་གནང་རྒྱུའི་གོ་སྐབས་ནི་ཤིན་དུ་དཀོན་པོ་ཡིན་ཞིང་། དེ་རིང་ཁྱད་དུ་འཕགས་པའི་ཉིན་འདིར་༧གོང་ས་མཆོག་དང་ལྷན་དུ་ཤེས་ཡོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་གནང་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་ཚོར་སྐྱེས་བྱུང་། ལྷག་པར་དུ་མ་འོངས་པའི་ཤེས་ཡོན་ལམ་ལུགས་དང་བཟང་སྤྱོད་ཀྱི་སློབ་གསོ་དང་འབྲེལ་བའི་སྐོར་བགྲོ་གླེང་གནང་རྒྱུའི་གོ་སྐབས་ཐོབ་སོང་། སྐབས་དེར་ངོས་རང་ལ་ཚོར་སྣང་ག་རེ་བྱུང་སོང་ཟེར་ན། ཤེས་ཡོན་ནི་འཛམ་བུ་གླིང་གི་ནང་སྟོབས་ཤུགས་ཆེ་ཤོས་དེ་ཡིན་ཞིང་། ཤེས་ཡོན་གྱིས་(Ukraine)རྒྱལ་ཁབ་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ཡོངས་ལ་ཤུགས་རྐྱེན་སྤྲད་ཐུབ་ཀྱི་ཡོད་པར་བརྟེན། ད་ཐེངས་ང་ཚོར་རེ་བ་ཞིག་ཡོད་པ་ནི། ང་ཚོ་རང་གི་རྒྱལ་ཁབ་ལ་ཕྱིར་ལོག་པའི་རྗེས་ང་ཚོས་ངོས་ནས་ཤེས་ཡོན་ལམ་ལུགས་ལ་འགྱུར་བ་གཏོང་ཐབས་བྱ་རྒྱུ་ཡིན་ཞེས་གསུངས་གནང་སོང་།
ཡང་སྐབས་དེར་(Ukraine)རྒྱལ་ཁབ་ཀྱི་ཤེས་རིག་སྡེ་ཚན་གྱི་ཕོ་མོ་འདྲ་མཉམ་གྱི་སྲིད་བྱུས་ཀྱི་སློབ་སྟོན་པ་འབུམ་རམས་པ་(Olena Masalitina) ལགས་ཀྱིས། འདས་པའི་དུས་རབས་ནི་དམག་འཁྲུག་གིས་དུས་རབས་ཞིག་ཡིན་ཞིང་། ད་ལྟའི་དུས་རབས་དེ་ཞི་བདེའི་དུས་རབས་ཤིག་དུ་བསྐྲུན་བར་ང་ཚོ་ཚང་མར་འོས་འགན་ཡོད་པ་རེད་ཅེས་༧གོང་ས་མཆོག་གིས་གསུངས་པ་བཞིན། ངོས་རང་དགེ་རྒན་ཞིག་ཡིན་པ་ཆ་ནས་Ukraine རྒྱལ་ཁབ་ཀྱི་སློབ་ཕྲུག་ཚོའི་ཀླད་པའི་ནང་བཟང་སྤྱོད་ཀྱི་སློབ་གསོ་སྐྲུན་རྒྱུ་གལ་ཆེ་པོ་རེད་འདུག དེ་ལྟར་ཡོང་བའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བརྗོད་སོང་།
ཡང་རྡ་རམ་ས་ལར་བོད་ཀྱི་དཔེ་མཛོད་ཁང་ནང་བོད་ཀྱི་སྐད་ཡིག་ཐོག་སློབ་གཉེར་བྱེད་བཞིན་པའི་(Ukraine)ནས་ཡིན་པའི་བསྟན་འཛིན་དབྱངས་ཅན་ལགས་ཀྱིས། ད་ཐེངས་༧གོང་ས་མཆོག་མཇལ་ཁ་ཞུས་པ་དེས་ངོས་ཀྱི་སེམས་ནང་དོགས་པ་མང་པོ་ཞིག་སེལ་སོང་། ད་དུང་སེམས་ཤུགས་མ་ཆགས་པར་མུ་མཐུད་ནས་སློབ་སྦྱོང་བྱེད་ཀྱི་ཡིན་ཞེས་ངོ་སྤྲོད་གནང་སོང་།
གཞན་ཡང་ཉིན་རྒྱབ་སྐུ་བཅར་རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་དུ་སྐོར་སྐྱོད་དང། དེ་ནས་རིམ་པས་དབུས་བོད་མིའི་སྒྲིག་འཛུགས་དང་། དེ་བཞིན་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་རིག་གནས་དང་འབྲེལ་བའི་ཚོགས་སྡེ་ཁག་ལ་གཟིགས་སྐོར་དུ་ཕེབས་ཆར་ཡོད་འདུག
0:00 / 0:00