སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་སུ་ཆིབས་སྒྱུར་ཐུགས་གཏན་འཁེལ་བ།

2023.11.21
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་སུ་ཆིབས་སྒྱུར་ཐུགས་གཏན་འཁེལ་བ། ༸གོང་ས་མཆོག་གིས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་ཁ་སྩལ་བའི་སྐབས། ༢༠༢༣།༠༩།༢༡ ཉིན།
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡༢ པའི་ཚེས་ ༡༡ ནས་ ༡༤ བར་ཉིན་གྲངས་བཞིའི་རིང་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་ཞུགས་བཞག་མཛད་རྒྱུ་ཡིན་འདུག དེ་ཡང་འདི་ཚེས་ ༢༡ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་མཛད་འཆར་གསལ་བསྒྲགས་གནང་པའི་ནང་། ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྒང་ཏོག་དཔལ་འབྱོར་རྩེ་ཐང་དུ་དད་ལྡན་མང་ཚོགས་ལ་རྒྱལ་སྲས་ལག་ལེན་སོ་བདུན་མའི་སྒོ་ནས་བཀའ་ཆོས་སྩལ་གནང་མཛད་རྒྱུ་དང་། ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་རྒྱ་གར་གྱི་ནུབ་སྦང་གྷལ་གྱི་མངའ་སྡེའི་ས་ལུ་ག་རའི་ནང་ཡོད་པའི་དཔལ་ལྡན་སྲད་རྒྱུད་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བྱང་སེམས་བོག་ཆོག་གི་ཐོག་ནས་ཆོས་འབྲེལ་བསྐྱང་གནང་མཛད་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག
ཡང་འབྲས་ལྗོངས་གཞུང་གི་ནང་སྲིད་ལྷན་ཁང་གི་བཀོད་ཁྱབ་ལམ་སྟོན་ལྟར་འདི་ཚེས་ ༢༡ ཉིན་གྱི་ཞོགས་པར་འབྲས་ལྗོངས་གཞུང་གི་སྤྱི་ཁྱབ་དྲུང་ཆེ་(VB Pathak)ལགས་ཀྱིས་སྣེ་ཁྲིད་འོག་འབྲེལ་ཡོད་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་ལྷན་འཛོམས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འབྲས་ལྗོངས་ནང་ཆིབས་སྒྱུར་དང་༸སྐུའི་སྲུང་ཆའི་གྲ་སྒྲིག་གནང་ཕྱོགས་སོགས་དང་འབྲེལ་བའི་སྔོན་འགྲོའི་ཚོགས་འདུ་ཞིག་ཚོགས་ཡོད་འདུག དེའི་སྐོར་འབྲས་ལྗོངས་གཞུང་གི་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གི་འབྲེལ་མཐུད་པ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། 
ཡང་འབྲས་ལྗོངས་དེ་བཞིན་ས་མཚམས་ས་ཁུལ་ཞིག་ཆགས་ཀྱི་ཡོད་སྟབས་འབྲས་ལྗོངས་མངའ་སྡེ་གཞུང་ཕྱོགས་ནས་འདི་ལོར་༸སྐུའི་སྲུང་ཆའི་ཐོག་གྲ་སྒྲིག་གང་ཡོང་གནང་མུས་ཡིན་པ་ཁོང་ནང་མུ་མཐུད་གསུངས་བྱུང་། 
ཡང་ཁོང་གིས་མུ་མཐུད་གསུངས་ན། དེ་སྔའི་མཛད་འཆར་གཞིར་བཟུང་ན། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་༸གོང་ས་མཆོག་འབྲས་ལྗོངས་སུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་སྟབས། མངའ་སྡེའི་གཞུང་ནས་ཕེབས་བསུའི་གྲ་སྒྲིག་ཟླ་བ་གཅིག་ཙམ་གྱི་གོང་ནས་གནང་ཡོད་པས། ད་ལྟའི་ཆར་ཕེབས་བསུའི་གྲ་སྒྲིག་ཕལ་ཆེ་བ་གྲུབ་ཟིན་ཡོད་སྐོར་གསུངས་བྱུང་། 

ཉེ་ལམ་འབྲས་ལྗོངས་ནང་ཆུ་ལོག་གི་གོད་ཆགས་ཤུགས་ཆེ་བྱུང་བའི་རྐྱེན་གྱིས། ༸གོང་ས་མཆོག་གི་ཕྱི་ཟླ་ ༡༠ པའི་ནང་འབྲས་ལྗོངས་སུ་ཆིབས་སྒྱུར་གནས་སྐབས་ཕྱིར་བཤོལ་གྱིས། རིང་མིན་ཕྱི་ཟླ་ ༡༢ པའི་བདུན་ཕྲག་གཉིས་པའི་ཞབས་སོར་འཁོད་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

 

 

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎