བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཉི་ཧོང་ལ་ཕེབས་འཆར་འདུག
2016.11.03
བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་ཉིན་ཤས་རྗེས་ཉི་ཧོང་ལ་ཕེབས་ནས་མཛད་འཆར་ཁག་ཅིག་སྐྱོང་འཆར་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༡༡་ཚེས་༨་ཉིན་ཉི་ཧོང་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་དང་། ཉི་ཧོང་གི་རྒྱལ་ས་རྙིང་གྲས་ཁོ་ཊོ་(Kyoto)་དང་། ཡོ་ཀོ་ཧོ་མ་(Yokohoma)་གཙོས་ས་གནས་ཁག་གཅིག་གི་ནང་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་རྒྱུའི་མཛད་འཆར་ཡོད་པ་རེད།
ཉེ་བའི་ཕྱི་ཟླ་༥་བའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀའི་ནང་བཞུགས་བཞག་ཉིན་གྲངས་བཞིའི་རིང་དད་ལྡན་མང་ཚོགས་༢༧༠༠ལྷག་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ཆོས་འབྲེལ་གནང་ཡོད།
ཉི་ཧོང་གི་མི་དམངས་ཁྲོད་བོད་བརྒྱུད་ནང་བསྟན་གཙོས་བོད་ཀྱི་རིག་གཞུང་ལ་དོ་སྣང་བྱ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།