༧གོང་ས་མཆོག་ཡོ་རོབ་ཏུ་ཆིབས་བསྒྱུར་གནང་འཆར་འདུག
2016.10.06

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཕྱི་ཟླ་༡༠་ཚེས་༣་ནས་༦་བར་ཉིན་གྲངས་བཞིའི་རིང་། ཐེ་ཝན་ནས་ཆེད་བཅར་དད་ལྡན་པ་གཙོས་བོད་རིགས་དང་ཡུལ་གྲུ་འདྲ་མིན་དྲུག་བཅུ་ལྷག་ནས་བཅར་བའི་ཆོས་ཞུ་བ་སྟོང་ཕྲག་བདུན་ལྷག་ལ། འཕགས་པ་ཞི་བ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་སྒོ་ནས་སྩལ་བའི་ཆོས་འབྲེལ་ལེགས་གྲུབ་ཟིན་ཞིང་། རིང་མིན་ཡོ་རོབ་ཀྱི་ཡུལ་གྲུ་Latvia་དང་། སུད་ཛར་ལེནཌ། སལོ་ཝ་ཀི་ཡ་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ། ཨི་ཊ་ལི་བཅས་སུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག།
དེ་ཡང་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་དྲ་རྒྱའི་ཐོག་བཀོད་པར་གཞིགས་ན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༡༠་ཚེས་༡༠་དང་༡༡་ཉིན་གྲངས་གཉིས་རིང་ལཏ་ཝི་ཡའི་རྒྱལ་ས་རི་གྷའི་ནང་ཚད་མ་རྣམ་འགྲེལ་གྱི་སྒོ་ནས་ཆོས་འབྲེལ་སྩོལ་གནང་མཛད་རྒྱུ་དང་། ཕྱི་ཚེས་༡༤་ཉིན་སུད་ཛར་ལེན་ཌིར་དབུ་མ་རིན་ཆེན་ཕྲེང་བ་དང་སྒོམས་རིམ་བར་པ། ལག་ལེན་སོ་བདུན་མ་བཅས་ཀྱི་སྒོ་ནས་གསུང་ཆོས་དང་། སུད་སི་བོད་རིགས་མི་དམངས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་འཆར་ཡོད་འདུག།
ཕྱི་ཚེས་༡༦་ཉིན་Slovakiaའི་གྲོང་ཁྱེར་Bratislavaའི་ནང་ཆོས་ལུགས་ཀྱི་དྲ་ལས་བརྒལ་བའི་བླང་དོར་གྱི་བརྗོད་གཞིའི་ཐད་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་རྒྱུ་ཡིན་འདུག་ཅིང་། ཕྱི་ཚེས་༡༩་ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague་ནང་ཡོད་པའི་སྟོང་ལོ་གཉིས་པའི་གླེང་སྟེགས་ཅེས་པའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཆོས་ལུགས་ཀྱི་དྲ་ལས་བརྒལ་བའི་བླང་དོར་སྐོར་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་རེད།
དེ་ནས་ཕྱི་ཟླ་༡༠་ཚེས་༢༡་དང་༢༢་ཉིན་གྲངས་གཉིས་རིང་ཨི་ཊ་ལིའི་གྲོང་ཁྱེར་ Milan་ནང་ལམ་གཙོ་རྣམ་གསུམ་དང་རྟེན་འབྲེལ་བསྟོད་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་དང་། ཕྱི་ཚེས་༢༢་ཉིན་རྒྱབ་བདེ་སྐྱིད་ཀྱི་འབྱུང་རྩ་ཅེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་འདུག།
ད་དུང་ཕྱི་ཟླ་༡༡་ནང་ཉི་ཧོང་དུ་ཆིབས་བསྒྱུར་ཞབས་སོར་འགོད་རྒྱུའི་མཛད་འཆར་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལྡན་བློ་གྲོས།