༧གོང་ས་མཆོག་ལ་ཨ་རིའི་རང་དབང་གི་གཟེངས་རྟགས་འབུལ་རྒྱུ།
2015.06.18

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ནང་གི་རང་དབང་གི་གཟེངས་རྟགས་འབུལ་རྒྱུ་ཡིན་པ་ཕྱི་བསྒྲགས་གནང་འདུག
དེ་ཡང་ཕྱི་ཚེས་༡༧ཉིན་གནས་ཚུལ་ཐོན་པར་གཞིགས་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་རིང་འཛམ་གླིང་ས་ཕྱོགས་གང་སར་བྱམས་སྙིང་རྗེ་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུའི་སྲོལ་བཟང་སྐུལ་སྤེལ་གཏོང་གནང་མཛད་པར་བརྟེན། ཨ་རིའི་Philadelphiaརང་དབང་གི་རྟགས་མ་ཞེས་པ་དེ་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་འབུལ་ལམ་ཞུའི་གསལ་སྒྲགས་ཤིག་ཚེས༡༧རེས་གཟའ་ལྷག་པའི་ཉིན་མོར་སྤེལ་གནང་ཡོད་པ་དང་། གསལ་བསྒྲགས་དེའི་ནང་འཁོད་དོན། National Constitution Centerཞེས་པའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟེ་གནས་ཁང་གི་དབུ་ཁྲིད་Jeffrey Rosenགིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རང་དབང་དང་། གྲོས་མོལ། དེ་བཞིན་བཟོད་སྲན་གནང་རྒྱུར་ནན་བརྗོད་གནང་གི་ཡོད་པའི་སྐོར་གསུང་གནང་པ་ཡང་འཁོད་འདུག
ཡེ་ཤུའི་བླ་ཆེན་Pope Francisམཆོག་Philadelphiaགྲོང་ཁྱེར་དེར་ཕེབས་གྲུབ་པའི་ཟླ་བ་གཅིག་གི་རྗེས་ཀྱི་ཕྱི་ཟླ་བཅུ་པའི་ཚེས་༢༦ཉིན་༧གོང་ས་མཆོག་གཟེགས་རྟགས་དང་མཉམ་དུ་ཨ་སྒོར་འབུམ་གཅིག་འབུལ་བཞེས་ཀྱི་མཛད་སྒོ་དེར་ཆིབས་བསྒྱུར་བསྐྱངས་གནང་རྒྱུའི་འཆར་གཞི་ཡོད་པ་རེད།
རང་དབང་གི་རྟགས་མ་ཞེས་པ་དེ་ནི་༡༩༨༨ལོར་ཨ་རིའི་ཁྲིམས་ལུགས་དབུ་བརྙེས་ནས་ལོ་༢༠༠ཧྲིལ་པོ་འཁོར་བའི་ཉིན་མོ་དེར་གསར་གཏོད་གནང་བ་ནས་བཟུང་། ལོ་ལྟར་བློ་སྟོབས་དང་། དྲང་པོ་དྲང་གཞག་ཐོག་འཛམ་གླིང་མི་མང་གི་རང་དབང་ལ་འབད་བརྩོན་གནང་མཁན་ཕུལ་བྱུང་གི་མི་སྣར་རྟགས་མ་དེ་འབུལ་སྲོལ་ཡོད་པ་དང་། དེ་སྔ་ཨ་རིའི་སྲད་འཛིན་ George W. Bushམཆོག་དང་། Bill Clinton, Jimmy Carter, Nelson Mandela,Tony Blair, དེ་བཞིན་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་མྱོང་མཁན་Malalaསོགས་ལ་རྟགས་མ་དེ་ཕུལ་མྱོང་ཡོད་པ་རེད།
གསར་འགོད་པ་ཚེ་བརྟན་རྡོ་རྗེ།