དོན་འགྲུབ་གླིང་གཞིས་ཆགས་ཀྱི་རྒན་རྒོན་ཚོར་༧གོང་ས་མཆོག་གིས་དམིགས་བསལ་མཇལ་བསྩལ།
རྒྱ་གར་ལྡེ་ར་ཌོན་དོན་འགྲུབ་གླིང་གཞིས་ཆགས་ཀྱི་ལོ་ན་བརྒྱད་ཅུ་ཡར་འདབས་ཀྱི་རྒན་རྒོན་༣༦ལ་༧གོང་ས་མཆོག་གིས་དམིགས་བསལ་མཇལ་བསྩལ་བར་ཁོང་ཚོས་དགའ་སྤྲོ་ཆེན་པོ་གནང་བཞིན་འདུག
རྒྱ་གར་བྱང་ཕྱོགས་ལྡེ་ར་ཌོན་དོན་འགྲུབ་གླིང་གཞིས་ཆགས་སུ་གཏན་སྡོད། རང་ལོ་བརྒྱད་ཅུ་ཡར་འདབས་ཀྱི་རྒན་རྒོན་སོགས་མི་གྲངས་༣༦བཞུགས་སྒར་དུ་ཆེད་བཅར་གྱིས། སྤྱི་ཟླ་༡༠པའི་ཚེས་༡༤ཉིན་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་དམིགས་བསལ་མཇལ་ཁ་བསྩལ་འདུག གོ་སྒྲིག་གནང་མཁན་གྱི་གྲས་དོན་འགྲུབ་གླིང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཡེ་ཤེས་ལགས་ཀྱིས། གཞིས་ཆགས་དེ་ཁུལ་གྱི་རང་ལོ་བརྒྱད་ཅུ་ཡར་འདབས་ཀྱི་རྒན་རྒོན་ཚང་མ་མཇལ་ཁ་ཞུ་བར་ཁྲིད་ཡོད་པ་དང་། ཁ་ལོ་བ་ཚུད་པའི་ཚང་མ་བསྡོམས་པའི་མི་གྲངས་༣༦ཆགས་ཡོད། འདས་པའི་ལོ་གཉིས་རིང་ཏོག་དབྱིབས་ནད་ཡམས་ཀྱིས་ང་ཚོའི་མི་ཚེར་དོ་མི་སྙོམས་པ་མང་པོ་བཟོས་ཡོད་པས། ༧གོང་ས་མཆོག་གིས་མཇལ་ཁ་གནང་གི་ཡོད་པ་གོ་ནས་གཞིས་ཆགས་ཀྱི་མི་རབས་རྒན་པ་ཚོར་མཇལ་ཁ་ཞིག་འཐོབ་ན། ཁོང་ཚོའི་བསམ་བློ་གཏོང་ཕྱོགས་སོགས་ལ་ཕན་ཐོགས་ཡོང་གི་རེད་སྙམ་ནས་མཇལ་ཁ་གོ་སྒྲིག་གནང་བ་འགྲེལ་བརྗོད་གནང་བྱུང་།
བགྲེས་བོ་པདྨ་གཡུ་སྒྲོན་ལགས་ཀྱིས་གསུང་ན། ད་ལན་གྱི་མཇལ་ཁ་འདི་ལས་ཡག་པོ་རག་མྱོང་མེད་པ་དང་། ང་ཚོ་ལ་རྩ་ཆེ་ཤོས་༧གོང་ས་མཆོག་ཁོང་ལས་ལྷག་པ་མེད་པས་ང་ཚོ་རྒན་ཁོག་ཚོ་ཧ་ཅང་སེམས་སྐྱིད་པོ་དང་བསྐལ་བ་བཟང་པོ་བྱུང་ཟེར།
གཞན་ཡང་མཇལ་ཁ་ཞུས་མཁན་ཐར་ལོ་ལགས་ནས། ཁོ་རང་ལོ་བརྒྱད་ཅུ་གྱ་དྲུག་ཡིན་པ་དང་། ༧སྐྱབས་མགོན་རིན་པོ་ཆེར་མཇལ་ཏེ་ཧ་ཅང་གིས་བསོད་ནམས་ཆེན་པོ་དང་བསྐལ་བ་བཟང་པོ་བྱུང་བ་གསུངས་བྱུང་།
དགུང་ལོ་བརྒྱད་ཅུ་གྱ་གྲངས་ཡིན་པའི་རྒན་རྒོན་རྣམ་པ་ཕལ་མོ་ཆེས། སོ་སོ་ལོ་ན་ཚོད་མཐོན་པོ་ཡིན་པས་མ་ཤི་སྔོན་དུ། ༧གོང་ས་མཆོག་ལ་མཇལ་འདུན་ཆེན་པོ་ཡོད་པ་མངོན་འགྱུར་བྱུང་བར་བརྟེན། ད་ནི་ཤི་ནའང་འགྱོད་པ་མེད་པར་༧གོང་ས་མཆོག་གིས་ལམ་སྟོན་ཕེབས་པ་བཞིན། མ་ཎི་བགྲེང་བཞིན་སེམས་སྐྱིད་པོ་བྱས་ནས་འདུག་རྒྱུ་དང་ཆབས་ཅིག བོད་ལ་རང་དབང་བདེ་སྐྱིད་ཀྱི་ཉི་མ་ཤར་རྒྱུར་སྨོན་འདེབས་བཞིན་ཚེ་མཇུག་བསྐྱལ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག་ཅིང་། ཁོང་ཚོ་ཕར་ཚུར་མཇལ་ཁ་གོ་སྒྲིག་གི་འགྲོ་གྲོན་ཕུལ་མཁན་ནི། ཨ་མི་རི་ཀའི་བྷོ་སི་ཀྲོན་དུ་གནས་བཞུགས་གཡུང་དྲུང་ལགས་གཙོས་བོད་ཀྱི་ཐབ་ཚང་གི་མགོན་པོ་ལགས་དང་བཀྲ་ཤིས་ལྷ་མོ་ལགས་བཅས་ཡིན་འདུག
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།