བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཨ་མི་རི་ཀར་ཕེབས་པ།
2015.06.30
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དབྱིན་ཡུལ་གྱི་མཛད་འཆར་ལེགས་པར་འགྲུབ་ནས་ཨ་མི་རི་ཀའི་ཆིབས་ཞལ་བསྒྱུར་གནང་ཡོད་པ།
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡུལ་ནང་གི་ཉིན་གྲངས་གསུམ་རིང་གི་ཆིབས་བསྒྱུར་མཛད་འཆར་ལེགས་གྲུབ་ཀྱིས་དབྱིན་ཡུལ་ནས་དེ་རིང་ཕྱི་ཚེས་༣༠ཉིན་ཨ་མི་རི་ཀའི་ནང་ཆིབས་བསྒྱུར་མཛད་འཕྲིན་ཆེད་ཆིབས་ཞལ་བསྒྱུར་གནང་གྲུབ་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་དུ་ཕྱི་ཚེས་༢༧ཉིན་ཞབས་སོར་འཁོད་པ་དང་། ཕྱི་ཚེས་༢༨ཉིན་ཡོ་རོབ་ནང་གི་རོལ་དབྱངས་འདུ་འཛོམས་ཆེ་ཤོས་Glastonburryདུས་སྟོན་ཞེས་པར་ཆིབས་བསྒྱུར་གྱིས་མང་ཚོགས་འབུམ་ཕྲག་བརྒལ་བར་སྙིང་རྗེ་དང་འཇིག་རྟེན་ཀུན་ཁྱབ་ཀྱི་བརྗོད་གཞིའི་ཐོག་ནས་བླང་དོར་གྱི་བཀའ་སློབ་སྩལ་གནང་མཛད་ཡོད་ལ། དེ་བཞིན་རོལ་དབྱངས་དུས་སྟོན་གོ་བསྒྲིགས་པ་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་༧སྐུའི་འཁྲུངས་ཚེས་ལ་དགའ་སྟོན་གྱི་སྨོན་འདུན་ཞུ་བའི་མཛད་སྒོ་ཞིག་ཀྱང་གོ་བསྒྲིགས་ཞུས་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་མ་གསར་པ་ནམ་ཤར་ནི་སྐྱེས་སྐར་ལྟ་བུ་ཡིན་པས། ཉིན་ལྟར་མི་བཟང་པོ་ཞིག་དང་དེ་ཡང་གཞན་ལ་ཕན་སེམས་ལྡན་པའི་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ཐབས་བྱེད་དགོས་པ་བཀའ་གནང་པ་དང་། ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གཞན་ཕན་སྙིང་རྗེའི་བསམ་བློ་དེ་ནི་རང་རང་སོ་སོའི་སེམས་ཀྱི་བདེ་སྐྱིད་དང་མི་ཕན་ཚུན་ཡིད་ཆེས་འཕེལ་བའི་གཞི་རྩ་ཡང་ཡིན་པ་བཀའ་གནང་ཡོད་པ་རེད།
ཕྱི་ཚེས་༢༩ཉིན་དབྱིན་ཡུལ་གྱི་Aldershotཟེར་བའི་ས་གནས་སུ་བལ་པོའི་ནང་པའི་མི་རིགས་ཚོས་ཆེད་བཙུགས་བྱས་པའི་དབྱིན་ཡུལ་ནང་པའི་ལྟེ་གནས་ཁང་ཞེས་པ་དེས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུས་དོན་ལྟར་ཆིབས་བསྒྱུར་བསྐྱངས་གནང་གིས། ཁུལ་དེའི་རྩེད་ཐང་ཞིག་གི་ནང་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་སྩལ་གནང་མཛད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སངས་རྒྱས་ཀྱི་ཆོས་ལ་ངེས་པར་སློབ་སྦྱོང་བྱེད་དགོས་པ་དང་། ནང་པའི་ཆོས་ཚོགས་འདི་ཡང་སངས་རྒྱས་ཀྱི་ཆོས་སློབ་སྦྱོང་བྱ་ཡུལ་ཞིག་ཏུ་ངེས་པར་བཟོ་དགོས་སྐོར་བཀའ་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཚེས་༣༠ཉིན་ཨ་རིའི་Texasམངའ་སྡེའི་གྲོང་ཁྱེར་Dallasརུ་ཞབས་སོར་འཁོད་པ་དང་། སང་ཉིན་ཕྱི་ཚེས་༡ཉིན་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོརཇ་བྷུཤུ་མཆོག་གི་ལྟེ་གནས་ཁང་དང་། Southern Methodistམཐོ་རིམ་སློབ་གྲྭ་ཐོུང་ནས་གོ་བསྒྲིགས་གནང་པའི་འཛམ་གླིང་གནད་དོན་ལྷན་ཚོགས་ཀྱི་བགྲོ་གླེང་ལྷན་ཚོགས་ཐོག་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་རེད།
དེ་བཞིན་ཕྱི་ཚེས་༤དང་། ༥,༦,༧,བཅས་ཉིན་གྲངས་བཞིའི་རིང་གྲོང་ཁྱེར་Los Angelesདང་། ཕྱི་ཚེས་༩དང་༡༠ཉིན་གྲངས་གཉིས་རིང་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་གནང་མཛད་རྒྱུ་ཡིན་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།