༧གོང་ས་མཆོག་གིས་ཕྱི་ནང་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད།
2016.06.01
༧གོང་ས་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་པའི་གཞོན་སྐྱེས་གཙོ་བོར་གྱུར་བའི་དད་ལྡན་པར་ནང་ཆོས་ངོ་སྤྲོད་གནང་བཞིན་པ།
བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དེ་རིང་ཕྱི་ཟླ་༦་ཚེས་༡་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་པའི་གཞོན་སྐྱེས་གཙོ་བོར་གྱུར་བའི་ཕྱི་ནང་དད་ལྡན་མི་མང་རྣམས་ལ་ཉིན་གྲངས་གསུམ་རིང་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་སྩལ་གནང་དབུ་འཛུགས་མཛད་འདུག
༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་ཀྱི་བཀའ་ཆོས་ཁག་ལོ་ལྟར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེར་གནང་གི་ཡོད་ན་ཡང་། ད་ལོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ལ་གནང་དགོས་དོན་ནི་དུས་ཚོད་ཆུད་ཟོས་སུ་མི་འགྲོ་བ་དང་། གཙོ་བོ་ས་གནས་མི་མང་དང་ལྷག་དོན་དུ་བགྲེས་སོང་རྣམས་ཆོས་ཞུ་བར་བཅར་བདེ་བའི་ཕྱིར་ཡིན་སྐོར་བཀའ་སྩལ་འདུག
ད་ལོ་༧གོང་ས་མཆོག་གི་གསུང་ཆོས་ཞུ་ཕྱིར་ཕྱི་རྒྱལ་གཙོས་པའི་ཕྱོགས་མཐའ་ཁག་གི་གཙུག་ལག་སློབ་གྲ་ཆེན་པོ་སོགས་ནས་སློབ་ཕྲུག་༧༥༠་ལྷག་ཙམ་ཆེད་བཅར་ཞུས་ཡོད་པ་དང་། བོད་ཁྱིམ་གཙོས་པའི་ཉེ་འཁོར་སློབ་ཁག་ནས་སློབ་ཕྲུག་༣༠༠༠་ལྷག་ཙམ། དེ་བཞིན་ས་གནས་མི་མང་བཅས་བསྡོམས་ཆོས་ཞུ་བ་བརྒྱད་སྟོང་ལྷག་ཆེད་བཅར་ཞུས་ཡོད་འདུག
༧གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་ཆེད་འབྲོམ་སྟོན་པ་རྒྱལ་བའི་བྱུང་གནས་ཀྱིས་མཛད་པ་རང་རྒྱུད་ལ་སྐུལ་མ་འདེབས་པའི་དད་པའི་ལྗོན་ཞིང་ཞེས་པའི་ཆོས་འབྲེལ་དབུ་འཛུགས་མཛད་འདུག།
༧གོང་ས་མཆོག་གིས་བོད་པའི་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་མཛད་པ་ད་ལོ་ཐེངས་བཅུ་བ་དེ་ཡིན་སྟབས་བཞུགས་སྒར་རྡ་རམ་ས་ལའི་ནང་ཆོས་ཚོགས་ཆུང་དང་། བོད་ཁྱིམ་སློབ་གྲ་གཉིས་ཟུང་འབྲེལ་སྒོ་ནས་༧མགོན་པོ་གང་ཉིད་ལ་བཀྲིས་རྗེས་དྲན་ཞུ་རྒྱུའི་སླད་དུ་གསུང་ཆོས་ཉིན་གསུམ་པར་སྟོན་པ་བཅོམ་ལྡན་འདས་དང་ཚེ་དཔག་མེད་འཇམ་དཔལ་དབྱངས་བཅས་ཀྱི་སྐུ་བརྙན་གསུམ་མཎྡལ་གྱི་ཚུལ་དུ་འདེགས་འབུལ་ཞུ་འཆར་སོགས་ཡོད་འདུག།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།