མིའི་རྣམ་དཔྱོད་དེ་རྙོག་དྲ་བཟོ་མཁན་གྱི་རྒྱུ་རུ་གྱུར་ན་ཐབས་སྐྱོ་བོ་རེད། ༧གོང་ས་མཆོག་གིས།
2018.10.05
འཛམ་གླིང་འདིར་སྲོག་ཆགས་འདྲ་མིན་ས་ཡ་མང་པོ་ཡོད་ན་ཡང་རྙོག་དྲ་ཚང་མ་བཟོ་མཁན་མི་རེད་འདུག་པས་མིའི་རྣམ་དཔྱོད་དེ་རྙོག་དྲ་བཟོ་མཁན་གྱི་རྒྱུ་རུ་གྱུར་ན་ཐབས་སྐྱོ་བོ་རེད་ཅེས་༧གོང་ས་མཆོག་གིས་གསུངས་འདུག
དེ་ཡང་ཕྱི་ཟླ་༡༠པའི་ཚེས་༥ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། ཐེ་ཝན་གྱི་རྒྱ་རིགས་ཆོས་ཞུ་བ་སོགས་ཕྱི་ནང་མི་མང་བདུན་སྟོང་ཙམ་ལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དབུ་མ་འཇུག་པའི་གསུང་ཆོས་ཉི་མ་གསུམ་པའི་ཐོག་སྤྱིར་རྒྱ་གར་གྱི་ཆོས་ལུགས་ནང་སེམས་རྩེ་གཅིག་ཞི་གནས་དང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པའི་ལྷག་མཐོང་ལོ་སྟོང་ཕྲག་གསུམ་བཞིའི་གོང་ནས་ཡོད་པ་དང་། དེ་ནི་སེམས་ལ་འགྱུར་བ་གཏོང་རྒྱུའི་ཆེད་ཡིན་པ་ལྟར། སངས་རྒྱས་པའི་ཆོས་ཀྱང་བསམ་བློ་འགྱུར་བ་གཏོང་རྒྱུའི་གྲས་ཀྱི་ཆོས་ཤིག་ཡིན་ཞིང་། བསམ་བློ་འགྱུར་བ་གཏོང་བར་དད་པས་འགྱུར་བ་ཕྲན་བུ་འགྲོ་ཐུབ་ཀྱང་། རྒྱ་གར་གྱིས་དད་པ་དེ་གཙོ་བོ་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་ལ་བསམ་བློ་གཏོང་རྒྱུ་དང་། དེའི་ནང་ཚན་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་རབ་ཏུ་བྱེད་པའི་རྣམ་འབྱེད་ཀྱི་ཤེས་རབ་དེ་ཧ་ཅང་གལ་ཆེར་བརྩིས་པ་དང་། ལྷག་པར་ང་ཚོ་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་པ་ཚོ་དང་། ཤེས་རབ་སྙིང་པོ་འདོན་པ་ཚོས་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ལ་དོ་སྣང་བྱེད་ཀྱི་ཡོད་ཅིང་། གང་ལྟར་བདེ་སྡུག་གཙོ་ཆེ་ཤོས་ཡིད་བློ་དང་འབྲེལ་བའི་སྒང་གི་བདེ་སྡུག་དེ་གལ་ཆེ་ཤོས་སུ་གྱུར་ཡོད། དེ་ལྟར་བྱས་ཐུབ་ན་མིའི་ཀླད་པ་ཐུན་མོང་མ་ཡིན་པ་ཅིག་ཡོད་པ་དེ་གོ་ཆོད་པ་ཞིག་ཡོང་བ་ལས། གཞན་མིའི་ཀླད་པ་ཐུན་མོང་མ་ཡིན་པ་ཅིག་ཡོད་པ་དེས་སེམས་ལ་རེ་དོགས་བསྣོན་མ་གཅིག་སྐྱེས་རྒྱུ་ཆགས་པ་ཡིན་ན། འཛམ་གླིང་དུ་སྲོག་ཆགས་འདྲ་མིན་ས་ཡ་མང་པོ་རེད་དེ། རྙོག་དྲ་ཚང་མ་བཟོ་མཁན་དེ་མི་ཡིན་པས། མིའི་རྣམ་དཔྱོད་དེ་རྙོག་དྲ་བཟོ་མཁན་གྱི་རྒྱུ་རུ་ཕྱིན་ན་ཐབས་སྐྱོ་བོ་རེད་ཅེས་བཀའ་གནང་སོང་།
དེ་བཞིན་༧གོང་ས་མཆོག་གིས། ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་གི་ཡོད་པས་ད་ལྟའི་འཛམ་གླིང་འདིར་ཆོས་ལུགས་ཁག་དགོས་མཁོ་ཡོད་པ་ཡང་དཔེ་མཚོན་དང་བཅས་བཀའ་ཕེབས་སོང་།
གསར་འགོད་པ་བློ་བྷེ།