༧གོང་ས་མཆོག་གིས་ཉི་ཧོང་ནས་དད་ལྡན་པ་ཚོར་ཆོས་འབྲེལ།
2016.05.11

༧གོང་ས་མཆོག་གིས་འགྲོ་བ་མིའི་རིཊ་གཅིག་གྱུར་ཡིན་པའི་འདུ་ཤེས་ཀྱི་ཐོག་དུས་རབས་༢༡་པ་དེ་བཞིན་ཞི་བདེ་དང་གྲོས་མོལ་ལ་འབད་དགོས་བ་གསུང་འདུག།
བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱི་ཚེས༡༠ཉིན་ནས་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀའི་ནང་བཞུགས་བཞག་ཉིན་གྲངས་བཞིའི་རིང་དད་ལྡན་མང་ཚོགས་༢༧༠༠ལྷག་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གསུང་ཆོས་སྩལ་གནང་བཞིན་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ཚེས་༡༠་ཉིན་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀའི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་ལྟེ་གནས་ཞེས་པའི་ཚོགས་ཁང་ཆེན་པོའི་ནང་དད་ལྡན་མང་ཚོགས་༢༧༠༠་ལྷག་ལ་སྤྱོད་འཇུག་གི་གསུངས་ཆོས་དབུ་འཛུགས་མཛད་པ་དེ་བཞིན་ཉི་ཧོང་དང་། རྒྱ་མི། ཀོ་རི་ཡ། སོག་པོ། ར་ཤི་ཡ། དབྱིན་ཇི་བཅས་ཀྱི་སྐད་ལ་གསུངས་བསྒྱུར་ཞུ་བཞིན་པ་རེད།
༧གོང་ས་མཆོག་ནས་གསུང་ཆོས་དབུ་འཛུགས་མ་མཛད་གོང་ལ། དེར་བསྡུས་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། མང་ཚོགས་རྣམས་ཀྱིས་ནང་ཆོས་སྦྱང་འདོད་ཀྱི་བློ་ལ་བསྔགས་བརྗོད་མཛད་པ་མ་ཟད། ནང་པའི་ལྟ་གྲུབ་དང་དཔེ་ཆའི་ནང་དོན་ཁག་མ་ཤེས་པར་ཞལ་འདོན་སྐྱོར་བ་ཙམ་མ་ཡིན་པར་ནང་ཆོས་ཤེས་པ་བྱེད་པ་དེ་དག་ལ་དཔྱད་པ་བྱེད་དགོས་པ་གལ་ཆེ་ཡིན་སྐོར་བཀའ་སྩལ་གནང་འདུག
ད་དུང་༧གོང་ས་མཆོག་ནས་ཀུན་ཁྱབ་འགན་འཁུར་ཐད་བཀའ་གནང་སྐབས། ༧མགོན་པོ་གང་ཉིད་འཛམ་གླིང་འདིའི་ནང་གི་མི་མང་ཐེར་འབུམ་བདུན་ཡོད་པའི་ཁྲོད་ནས་གཅིག་ཡིན་པའི་དགོངས་པ་བཞེས་གནང་གི་ཡོད་པ་དང་། ཆོས་ལ་དད་པ་བྱེད་མཁན་དང་ཆོས་དད་མེད་པར་ཁྱད་པར་ཡོད་མིན་ལ་མ་ལྟོས་པར་འགྲོ་བ་མིའི་རིགས་ཡོངས་རྫོགས་སྡུག་བསྡལ་མི་འདོད་པ་དང་བདེ་བ་འདོད་མཁན་གཅིག་མཚུངས་ཡིན་པ་དང་། འགྲོ་མིའི་རིགས་ཚང་མ་མའི་བྱམས་བརྩེའི་མྱོང་ཚོར་ཡོད་པ་གཅིག་མཚུངས་ཡིན་པ་འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་དེ་བཞིན་ཕན་ཚུན་དབར་བྱམས་བརྩེ་དང་ཡིེད་ཆེས་མཛའ་གྲོགས་ཀྱི་འདུ་ཤེས་གོང་འཕེལ་གཏོང་རྒྱུར་བེད་སྤྱོད་བྱེད་དགོས་པའི་བཀའ་སློབ་སྩལ་གནང་མཛད་འདུག
ད་དུང་འགྲོ་བ་མིའི་རིགས་གཅིག་འགྱུར་ཡིན་པའི་འདུ་ཤེས་དགོས་པ་དུས་རབས་༢༡་པ་དེ་བཞིན་ཞི་བདེ་དང་གྲོས་མོལ་གྱི་དུས་རབས་ཤིག་ལ་འགྱུར་ཐབས་གནང་དགོས་པ་དང་། མི་རབས་གཞོན་པ་ཚོས་འགྱུར་བ་དེའི་ལམ་ལ་བསྐྱོད་ཐུབ་པའི་ཐུགས་རེ་ཆེན་པོ་གནང་གི་ཡོད་སྐོར་སོགས་ཀྱང་བཀའ་སློབ་སྩལ་གནང་མཛད་འདུག།
དེ་ལྟར་༧གོང་ས་མཆོག་གི་གསུང་ཆོས་མཛད་རིམ་ཁག་༼༧གོང་ས་མཆོག་ཉི་ཧོང་ཨོ་ས་ཀ༽དྲ་ཐག་འདི་ནས་སྐད་རིགས་འདྲ་མིན་ཐོག་གསུངས་བསྒྱུར་གནང་བ་ཐད་གཏོང་དང་རྗེས་སུ་བཅུག་པ་མཇལ་ཐུབ།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།