༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་དགུང་ལོ་བརྒྱ་དང་བཅུ་གྲངས་བཞུགས་ཏེ་བསྟན་པ་དང་འགྲོ་བའི་དོན་དུ་མུ་མཐུད་ཞབས་འདེགས་ཞུ་འདུན་ཡོད་ཅེས། ཆོ་འཕྲུལ་སྨོན་ལམ་གྱི་གསུང་ཆོས་སྐབས་བཀའ་སྩལ།

2025.03.14
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་དགུང་ལོ་བརྒྱ་དང་བཅུ་གྲངས་བཞུགས་ཏེ་བསྟན་པ་དང་འགྲོ་བའི་དོན་དུ་མུ་མཐུད་ཞབས་འདེགས་ཞུ་འདུན་ཡོད་ཅེས། ཆོ་འཕྲུལ་སྨོན་ལམ་གྱི་གསུང་ཆོས་སྐབས་བཀའ་སྩལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱེས་རབས་ཆོས་འབྲེལ་མཛད་བཞིན་པ། ༢༠༢༥།༠༣།༡༤
OHHDL

ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱེས་རབས་ཆོས་འབྲེལ་མཛད་སྐབས་གང་ཉིད་བཙན་བྱོལ་དུ་བཞུགས་ཡོད་ནའང་། བསྟན་འགྲོའི་དོན་རྒྱ་ཆེ་བསྒྲུབས་ཐུབ་བྱུང་ཡོད་པ་མ་ཟད། འབྱུང་འགྱུར་ལོ་ངོ་བཅུ་ཕྲག་གཉིས་ལྷག་བཞུགས་ཏེ་འགྲོ་བའི་དོན་མུ་མཐུད་མཛད་པ་བསྐྱང་རྒྱུ་ཡིན་ཞེས་བཀའ་སྩལ་སོང་།

བོད་རྒྱལ་ལོ་ ༢༡༥༢ རབ་གནས་ཤིང་སྦྲུལ་ལོའི་ལོ་གསར་ཚེས་པ་བཅོ་ལྔ་དང་ཕྱི་ཟླ་ ༣ ཚེས་ ༡༤ ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁུང་དུ། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཆིབས་སྒྱུར་གནང་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་རབས་དང་སེམས་བསྐྱེད་ཀྱི་བཀའ་ཆོས་སྩལ་བ་དང་འབྲེལ། མགོན་པོ་མཆོག་གིས་དད་ལྡན་མང་ཚོགས་ལ་ལམ་སྟོན་ཕེབས་པའི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ནས་ད་བར་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བའི་དོན་དུ་ཞབས་འདེགས་ཧུར་ཐག་གནང་ཡོད་པ་དང་མཚུངས། ད་དུང་ཡང་མགོན་པོ་མཆོག་དགུང་ལོ་ ༡༡༠ གྲངས་ལྷག་བཞུགས་ཏེ། སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བ་སྤྱིའི་དོན་དུ་ཞབས་འདེགས་མུ་མཐུད་ནས་གནང་རྒྱུ་ཡིན་པ་བསྐྱར་ནན་གྱིས་ཞལ་བཞེས་མཛད་སོང་།

2025-03-14-Dharamsala-G04A9301256.jpg
བཞུགས་སྒར་དུ་ཆོ་འཕྲུལ་དུས་ཆེན་སྐབས། ༢༠༢༥།༠༣།༡༤ ཉིན།

དེ་བཞིན་མགོན་པོ་མཆོག་གིས་ད་ལྟའི་དུས་སུ་བོད་མི་རྣམས་རང་ཡུལ་བྲལ་ནས་རྒྱ་གར་ནང་སྐྱབས་བཅོལ་བྱས་ཏེ་གནས་ཡོད་ནའང་། རྒྱ་གར་ནང་དུ་ནང་པའི་ཆོས་ལ་དོ་སྣང་ཤུགས་ཆེན་པོ་ཡོད་པ་མ་ཟད། འཛམ་གླིང་སྤྱི་ལ་ནང་པའི་ལྟ་གྲུབ་དང་སེམས་ཁམས་རིག་པའི་སྐོར་ཚན་རིག་པ་ཚོས་ཀྱང་དོ་སྣང་དགའ་པོ་བྱེད་ཀྱི་ཡོད་ཅིང་། ལྷག་པར་དུ་མགོན་པོ་གང་ཉིད་ཚན་རིག་པ་ཐུག་དུས་ཚན་རིག་པ་དང་། ནང་པ་ཐུག་དུས་ནང་པའི་འདུལ་བ་འཛིན་པ་ཡིན་ཞེས་བཀའ་གནང་གི་ཡོད་སྐོར་བཀའ་སྩལ་སོང་། དེ་བཞིན་མགོན་པོ་མཆོག་གིས་ལྷག་བསམ་རྣམ་དག་གིས་གདུལ་བྱའི་ཁམས་དང་མོས་པ་དང་འཚམས་པའི་བསྟན་འགྲོའི་དོན་མཛད་བཞིན་ཡོད་པ་ལྟར་ད་ལྟ་བར་དུ་འགྲོ་དོན་ཡག་པོ་བྱུང་ཡོད་ལ། ད་དུང་ཡང་རྨི་ལམ་རྟགས་མཚན་ལ་གཟིགས་དུས་དགུང་གྲངས་བརྒྱ་དང་བཅུ་གྲངས་བཞུགས་རྒྱུ་ཡིན་པའི་བཀའ་བཞེས་བཟང་པོ་སྩལ་སོང་།

2025-03-14-Dharamsala-G02A9301229.jpg

དེ་རིང་ཆོ་འཕྲུལ་སྨོན་ལམ་གྱི་ཚེས་པ་བཅོ་ལྔའི་དུས་ཆེན་ཉིན་གྱི་བཀའ་ཆོས་འདི་ནི། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ལོ་གསར་པའི་ནང་གསུང་ཆོས་གནང་བ་ཐོག་མ་དེ་ཆགས་ཡོད་པས།  དད་ལྡན་མང་ཚོགས་རྣམས་ནས་དོན་གཉེར་དང་དོ་སྣང་ཆེན་པོའི་སྒོ་ནས་མགོན་པོ་མཆོག་གི་གསུང་ཆོས་ལ་བཅར་ཏེ། དགའ་དད་སྤྲོ་གསུམ་གྱིས་ཐུགས་ཚོར་ཤིན་ཏུ་ནས་ཆེན་པོ་བྱུང་སྐོར་འགྲེལ་བརྗོད་གནང་གི་འདུག

དེ་ཡང་ཨིན་ཡུལ་ནས་ཡིན་པ་དང་དེ་སྔ་སེ་ར་དགོན་དུ་སློབ་གཉེར་གནང་མྱོང་མཁན་དགེ་བཤེས་བསྟན་འཛིན་རྣམ་གྲགས་ལགས་ཀྱིས། དེ་རིང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་རེའི་ཕྱག་བཞེས་ནང་དུས་ནས་དུས་སུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་གནང་ན། རང་ཉིད་ཀྱི་སེམམས་ཁམས་ལ་ཕན་ནུས་ཆེན་པོ་ཐོན་པ་དང་། ལྷག་པར་དུ་༸མགོན་པོ་གང་ཉིད་ནས་དགུང་ལོ་ ༡༡༠ གྲངས་བཞུགས་ཏེ་མུ་མཐུད་ནས་སངས་རྒྱས་ཀྱི་བསྟན་པ་དང་སྐྱེ་འགྲོ་ཀུན་ལ་ཞབས་འདེགས་ཞུ་རྒྱུའི་བཀའ་སྩལ་གནང་ཡོད་པ་བཞིན།  ང་ཚོ་མི་སྒེར་བ་མི་རེ་ངོ་རེ་ནས་ཀྱང་སྐྱེ་འགྲོ་ཀུན་གྱི་དོན་དུ་དེ་ལྟར་ཉམས་ལེན་གནང་དགོས་གལ་ཆེན་པོ་ཡིན་པ་གསུང་གི་འདུག

གཞན་ཡང་བཞུགས་སྒར་རྡ་རམ་ས་ལ་ནས་ཡིན་པའི་འཕྲིན་ལས་ཆོས་རྒྱལ་ལགས་ཀྱིས། སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་དགུང་གྲངས་ ༡༡༠ གྲངས་བཞུགས་ཏེ་འགྲོ་བའི་དོན་དུ་མུ་མཐུད་ཞབས་འདེགས་སྒྲུབ་རྒྱུ་བསྐྱར་ནན་གནང་གི་ཡོད་པས། བོད་མི་ཚོས་༸མགོན་པོ་གང་ཉིད་ཀྱི་བཀའ་དགོངས་ལྟར་རྡོག་རྩ་གཅིག་སྒྲིལ་གནང་ཚེ།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༡༡༠ གྲངས་བཞུགས་ངེས་ཡིན་པ་དང་། ཡོང་འགྱུར་གྱི་ལོའི་ནང་མྱུར་དུ་བོད་གཞིས་བྱེས་མཉམ་འཛོམས་ཀྱིས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བོད་ནང་དུ་འཚོགས་ཏེ། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དུས་ཆེན་སྲུང་བརྩི་ཞུ་ཐུབ་པའི་བསྐལ་བཟང་གི་ཉིན་མོ་ཞིག་ཤར་བའི་རེ་བ་དང་སྨོན་ལམ་ཡོད་པ་གསུངས་བྱུང་།

2025-03-14-Dharamsala-G23_SR53639.jpg
གསུང་ཆོས་གྲུབ་ནས་ཕོ་བྲང་དུ་ཕྱིར་ཕེབས་བཞིན་པ།

ཡང་མོན་ཡུལ་ནས་ཡིན་པའི་སངས་རྒྱས་མཁའ་འགྲོ་ལགས་ཀྱིས། དེ་རིང་༸གོང་ས་མཆོག་གིས་གསུང་ཆོས་གནང་སྐབས་ཁོང་དགུང་གྲངས་ ༡༡༠ ལྷག་བཞུགས་རྒྱུའི་ཞལ་བཞེས་གནང་བྱུང་བ་དང་། དེ་མ་ཟད་༸མགོན་པོ་གང་ཉིད་ཀྱི་མཇལ་ཁ་ཡང་ཐོབ་བྱུང་བའི་བསྐལ་བཟང་མཉམ་འཛོམས་ཀྱི་དུས་བཟང་ཞིག་བྱུང་སྐོར་འགྲེལ་བརྗོད་གནང་གི་འདུག །

ཡོངས་གྲགས་སུ་ཆོ་འཕྲུལ་སྨོན་ལམ་གྱི་དུས་ཆེན་དེ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མུ་སྟེགས་ཀྱི་སྟོན་པ་དྲུག་རྫུ་འཕྲུལ་གྱི་ལམ་ནས་ཕམ་པར་མཛད་པའི་རྗེས་སུ་དད་ལྡན་མང་ཚོགས་རྣམས་ཀྱིས་སངས་རྒྱས་ལ་མཆོད་པ་སོགས་ཀྱི་དུས་སྟོན་བྱས་པ་ལས་བྱུང་བ་ཞིག་ཡིན་ཞིང་། ཆོས་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་དེ་ནི་བོད་ནང་དུ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་ཕྱི་ལོ་ ༡༤༠༩ ལོར་དབུ་འཛུགས་གནང་སྟེ་ད་ཆ་མི་ལོ་༦༠༠ ལྷག་ཕྱིན་ཡོད་པ་དང་། གཞི་རྩའི་བཞུགས་སྒར་ཙམ་དུ་མ་ཟད་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཁག་ཐེ་བའི་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་དང་བོད་བརྒྱུད་ནང་པའི་རྗེས་འཇུག་རྣམས་ཀྱིས་དེ་རིང་བོད་ཟླ་ ༡ ཚེས་ ༡༥ ཉིན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད་པ་རེད། །

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎