༸གོང་ས་མཆོག་གིས་ལ་དྭགས་སུ་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་འབྲེལ་གཞན་ཕན་གྱི་བློ་གལ་ཆེན་པོ་ཡིན་པ་བཀའ་སྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་༧ ཚེས་༢༡ ཉིན། ལ་དྭགས་ཞི་བའི་ཚལ་གསུང་ཆོས་ར་བར་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་བསྐྱངས་གནང་སོང་བ་དང་། སྐབས་དེར་མགོན་པོ་གང་ཉིད་མཆོག་ནས་འཛམ་གླིང་ནང་ཞི་བདེ་སྐྲུན་རྒྱུའི་ཆེད་གཞན་ཕན་གྱི་བསམ་བློ་འཁྱེར་དགོས་པའི་བཀའ་སློབ་བསྩལ་གནང་སོང་། དེ་བཞིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ལུགས་ཚང་མས་གཞན་ཕན་གྱི་བསླབ་བྱ་གནང་གི་ཡོད་པ་དང་། ལ་དྭགས་ས་གནས་སུ་མི་འབོར་མང་ཆེ་བ་ནང་པ་ཡིན་ན་ཡང་། ལ་དྭགས་ནང་ཆོགས་ལུགས་གཞན་ལ་དད་མོས་བྱེད་མཁན་ཡོད་སྟབས། ཆོས་ལུགས་ཕན་ཚུན་བར་འབྲེལ་འདྲིས་དང་། ལེགས་པའི་ཆ་ཕན་ཚུན་བརྗེ་རེས་དང་ལ་དྭགས་ས་གནས་སུ་ཆོས་ལུགས་མཐུན་སྒྲིལ་དགོས་པ་གལ་ཆེན་པོ་ཡིན་པ་གསུངས་སོང་།
ཡང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མུ་མཐུད། རྒྱལ་སྲས་ལག་ལེན་སོ་བདུན་མ་དེ་ཐོག་མར་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་སྐུ་མདུན་ནས་ཞུས་གནང་བ་དང་། ཁུ་ནུ་རིན་པོ་ཆེས་སྤྱོད་འཇུག་ཡང་ཉམས་ལེན་གྱི་མཐིལ་དུ་བཟུང་ཡོད་པས་རྗེས་སུ་སྤྱོད་འཇུག་ཀྱང་ཁོང་གི་མདུན་ནས་ཞུས་གནང་སྟེ། སེམས་ལ་ཕན་ཐོགས་ཆེན་པོ་བྱུང་སྐོར་གསུང་གནང་སོང་།
ཐེངས་འདིར་ལ་དྭགས་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་སྐབས་སུ། ལ་དྭགས་ཡུལ་མི་གཙོས་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོ་ཕེབས་ཡོད་པ་དང་། ལ་དྭགས་རྒྱལ་ས་གླེ་ནས་སྤྱི་ལེ་༦༠ལྷག་སུ་ཆགས་པའི་ཤ་ར་ཡུལ་ནས་ཡིན་པ་པདྨ་བསྟན་འཛིན་ལགས་ནས། ལ་དྭགས་པ་ཚོར་མཚོན་ན་རྒྱལ་བ་རིན་པོ་ཆེའི་གསུང་ཆོས་ཞུ་རྒྱུ་བྱུང་བ་དེ་སྐལ་བ་བཟང་པོ་ཡིན་སྐོར་དང་། དེ་བཞིན་དགུང་ལོ་༨༦ཡིན་པ་པདྨ་མཚོ་མོ་ལགས་ནས་གསུང་ཆོས་ཞུ་རྒྱུ་བྱུང་བ་དང་ཞལ་མཇལ་ཐོབ་དེས་ཚོར་སྣང་སྐྱིད་པོ་དང་བསོད་ནམས་ཆེན་པོ་བྱུང་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
ཡང་ཆབ་སྲིད་རྩོན་ཟུར་དང་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་ལགས་ནས།ཐེངས་འདིར་ལ་དྭགས་སུ་ཡོང་སྟེ་༸གོང་ས་མཆོག་གི་གསུང་ཆོས་ཞུ་རྒྱུ་བྱུང་བ་དེས་དགའ་ཚོར་ཆེན་པོ་བྱུང་ལ། ལྷག་པར་དུ་ལ་དྭགས་ཡུལ་དུ་ཁང་པའི་བཟོད་བཀོད་དང་ས་ཆའི་ཆགས་དབྱིབས་སོགས་ནས་བོད་དང་འདྲ་བོ་ཡོད་པས་དེས། སེམས་ནང་དམིགས་བསལ་ཚོར་སྣང་ཞིག་ཡོང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཐེངས་འདིར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་རྒྱལ་ས་གླེ་ཕྱོགས་སུ་མཛད་འཆར་བོ་ཁག་ནི། དེ་རིང་ཕྱི་ཟླ་༧ཚེས་༢༡ཉིན་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་བཀའ་དྲིན་བསྐྱངས་རྒྱུ་དང་། ཕྱི་ཟླ་༧ཚེས་༢༢ཉིན་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀའ་དྲིན་གནང་རྒྱུ་བཅས་ཡིན་པ་དང་། ཐུགས་རྗེ་ཆེན་པོའི་བཀའ་དབང་སྐབས་དད་ལྡན་ཆོས་ཞུས་བ་ཡོངས་ནས་དཀར་ཟས་མཆོད་ནས་ཕེབས་དགོས་པའི་བཀའ་ཕེབས་ཡོད་པ་རེད་འདུག