སེམས་པ་བཟང་པོ་བྱ་རྒྱུ་ནི་རང་གཞན་གཉིས་ཀའི་དོན་འགྲུབ་པའི་བྱ་བའི་མཆོག་ཡིན། ༧གོང་ས་མཆོག་གིས།
2020.06.05
གང་ཐུབ་ཅི་ཐུབ་ཀྱིས་སྟོང་པ་ཉིད་ཀྱི་ལྟ་བས་སྣེ་ཟིན་པའི་བྱང་ཆུབ་ཀྱི་སེམས་ཉམས་ལེན་གྱི་ཐོག་ནས་སྟོན་པར་རྗེས་དྲན་ཞུས་པ་ཡིན་ན་དེ་ནི་མཆོག་ཏུ་གྱུར་བའི་སྟོན་པའི་རྗེས་དྲན་ཞིག་ཆགས་རྒྱུ་ཡིན་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ས་ག་ཟླ་བའི་ཚེས་ཆེན་བཅོ་ལྔའི་ཉིན་བཀའ་ཕེབས་ཡོད་པ་རེད།
འདི་ཚེས་༥་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་༡༥་ཉིན་ནི་བདག་ཅག་གི་སྟོན་པ་སྐུ་བལྟམ་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་ཞིག་ཡིན་པས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་རྡ་རམ་སཱ་ལའི་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་བརྒྱུད་ཆོས་ཞུ་བ་རྣམས་དང་ལྷན་དུ་སེམས་བསྐྱེད་མཛད་ཅིང་། དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིར་སེམས་བསྐྱེད་ཀྱི་སྡོམ་པ་བོག་པ་ལྟ་བུ་མ་ཡིན་པར་དུས་ཆེན་ཁྱད་པར་ཅན་འདིའི་སྐབས་ཚང་མས་མཉམ་དུ་མདུན་དུ་རྒྱལ་བ་སྲས་དང་བཅས་པ་གསལ་བཏབ་ནས་སེམས་ཅན་ཐམས་ཅད་བདག་གི་བདེ་བའི་མགྲོན་དུ་གཉེར་ཞིང་། དེ་དག་གི་དོན་གྲུབ་ཀྱི་བསམ་པའི་ཚོར་བ་གཏིང་གཟབ་དང་ལྡན་པའི་ཐོག་ནས་བྱང་ཆུབ་ཀྱི་སེམས་ཞིག་བསྐྱེད་པ་བྱ་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད།
སྐབས་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ༧གོང་ས་མཆོག་ད་དུང་ཡང་དགུང་ལོ་བཅོ་ལྔ་ཉི་ཤུ་ཙམ་སྐུ་འཚོ་ཞུགས་ཡིན་སྟབས། ལོ་ལྟར་ས་ཟླའི་དུས་ཆེན་ཉིན་གདན་ས་ཁག་དང་དེ་མིན་གྱི་རིས་མེད་ཆོས་བརྒྱུད་ཁག་གི་ལྟེ་གནས་ཁང་ཁག་ཚོགས་འཛོམས་ཀྱི་ཐོག་ནས་སྟོང་པ་ཉིད་ཀྱིས་སྣེ་ཟིན་པའི་ཐོག་ནས་སེམས་བསྐྱེད་བྱ་དགོས་པའི་སྐོར་ལམ་སྟོན་ཡང་གནང་ཡོད་པ་རེད།
ཡང་སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱུ་མཚན་དང་ལྡན་པའི་སྒོ་ནས་རང་དོན་དང་གཞན་དོན་གཉིས་ཀ་སྒྲུབ་པར་བྱང་ཆུབ་ཀྱི་སེམས་ཉམས་ལེན་དགོས་གལ་ཆེ་ཞིང་། ཕན་པའི་བསམ་པ་ནི་ཤེས་རབ་དང་འབྲེལ་བ་ཡོད་ལ། རྒྱུ་མཚན་དང་ལྡན་པའི་བློ་ཞིག་ཡིན་པས། གལ་ཏེ་རང་ཉིད་ལ་ཕན་པའི་བསམ་པ་ཡོད་ན། འགྲོ་བ་མི་ཙམ་མ་ཟད། དུད་འགྲོ་ཚུན་ཆད་ཀྱིས་དགའ་པོ་བྱེད་ཀྱི་ཡོད་ཅིང་། སེམས་པ་བཟང་པོ་ཡོད་ན། ཆོས་ཁས་ལེན་མི་བྱེད་མཁན་ཞིག་ཡིན་ནའང་སེམས་བཟང་བྱས་ན། གྲོགས་པོ་དང་དགའ་མོས་བྱེད་མཁན་མང་པོ་ཡོང་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད་ལ། ནང་པ་སངས་རྒྱས་པའི་ཆོས་པ་ཞིག་གི་ཐོག་ནས་སྨོན་ལམ་བརྒྱབ་པ་ཙམ་གྱིས་མི་ཆོག་པར་བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་ཀྱི་ལྟ་བ་གཉིས་ནི་ཉམས་ལེན་གྱི་མཐིལ་དུ་བཟུང་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
གཞན་ཡང་ལོ་ལྟར་བཞིན་ཉིན་དེར་བཞུགས་སྒར་རྡ་རམ་སའི་ཉེ་འཁོར་དང་། ལྷག་པར་དུ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་སུ། བོད་མི་རྣམས་ཀྱིས་རིན་མེད་ཟས་སྦྱིན་བཏང་བ་དང་དབུལ་པོ་ཉམ་ཐག་ཚོར་སྤྱིན་གཏོང་སོགས་གནང་ཡོད་པ་རེད།
འདས་པའི་གཟའ་འཁོར་འགའ་ཤས་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་རྒྱ་བརྒྱུད་ཆོས་འབྲེལ་གསུང་ཆོས་དང་། དེ་བཞིན་འཛམ་གླིང་ནང་གི་གསར་འགྱུར་བརྒྱུད་ལམ་ཆེ་གྲས་སྦི་སྦི་སི་དང་ཨེ་སྦི་སི་སོགས་ཀྱི་ལས་རིམ་ཐོག་བཅར་འདྲི་དངས་ལེན་མཛད་ཡོད་ལ། ཕྱི་ཟླ་ ༦ ་ཚེས་ ༧ ་ཉིན་ལྷོ་ཤར་ཨེ་ཤེ་ཡའི་གཞོན་ནུ་ཁག་གཅིག་དང་ལྷན་དུ་དམིགས་བསལ་བགྲོ་གླེང་ཞིག་ཀྱང་དྲ་ཐོག་ཐད་གཏོང་ཞུ་རྒྱུ་ཡིན་འདུག