༧གོང་ས་མཆོག་གིས་སྐུ་ཁམས་གསལ་ཐང་ངང་གཙུག་ལག་ཁང་ནས་གསུང་ཆོས་བསྩལ་གནང་སོང་།

ཀོ་ཝིཌ༡༩ཏོག་དབྱིབས་རིམས་ནད་ཡམས་ཁྱབ་གདལ་གྱི་དབང་གིས་སྤྱི་ནོར་༧གོང་ས་མཆོག་འདས་བའི་ལོ་གཉིས་ལྷག་རིང་བཞུགས་སྒར་ཕོ་བྲང་དུ་བཞུགས་ཏེ། དྲ་ལམ་བརྒྱུད་ནས་མ་གཏོགས་དངོས་སུ་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་མི་མང་ལ་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཡོང་མེད་ནའང་། ད་ཆ་ནད་ཡམས་ཅུང་ཟད་ཞི་འཇམ་གྱི་སྐབས་དང་བསྟུན། ཆོ་འཕྲུལ་དུས་ཆེན་བོད་ཚེས་༡༥སྤྱི་ཟླ་༣པའི་ཚེས་༡༨ཉིན། ༧གོང་ས་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དངོས་སུ་ཆིབས་བསྒྱུར་གྱིས། གང་ཉིད་སྐུ་གཟུགས་ཧ་ཅང་བདེ་ཐང་ཡིན་པ་དང་། ལྡི་ལིར་སྐུ་གཟུགས་བརྟག་དཔྱད་ཆེད་ཆིབས་བསྒྱུར་གནང་རྒྱུའི་འཆར་གཞི་ཡོད་པ་ཕྱིར་འཐེན་དང་འབྲེལ། ང་སྐུ་འབུམ་ནས་ཡོང་བའི་བླ་མ་བདེ་ཐང་ངང་བསྡད་ཡོད་པས་ཁྱེད་རང་ཚོ་བློ་བདེ་བོ་གནང་རོགས། ཞེས་བཀའ་སྩལ་ནས། དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་སྐྱེས་རབས་ཀྱི་གསུང་ཆོས་དང་སེམས་བསྐྱེད་ཀྱི་ཆོ་གའི་ཆོས་འབྲེལ་བསྩལ་གནང་ཡོད་པ་རེད།
གཞན་ཡང་མགོན་པོ་གང་ཉིད་ནས་བོད་ཡིག་གི་ལམ་ནས་བོད་ཆོལ་ཁ་གསུམ་གཅིག་གྱུར་བཟོས་བསྡད་པ་དེ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཛད་རྗེས་ཡིན་པ་དང་། ད་ལྟ་ང་ཚོ་ལུང་པ་བྲལ་ནས་བསྡད་ཡོད་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་དེ། འཛམ་གླིང་འདིར་གཟི་བརྗིད་ལྡན་པར་བསྡད་ཡོད་པས་གཞོན་སྐྱེས་བོད་ཡིག་ལ་དོ་སྣང་དང་། ཆོས་དགེ་ཚོས་གཞུང་དོན་སློབ་ཁྲིད་གནང་གལ་ཆེ་བ་བཀའ་སློབ་གནང་སོང་།
ཡང་ཁོང་གིས་སེམས་ཁམས་རིག་པའི་རྣམ་གཞག་གསལ་ཤོས་ཤིག་བོད་ཀྱི་ནང་དོན་རིག་པའི་ནང་ཡོད་པ་དང་། བོད་ཀྱི་ཆོས་དེ་རིགས་པ་དང་ལྡན་པ། ཚན་རིག་དང་མཐུན་པ་ཞིག་ཆགས་ཡོད་པས་སློབ་གཉེར་གནང་རྒྱུ་དེ་ཧ་ཅང་གལ་ཆེན་རེད་ཅེས་བཀའ་གནང་ཡོད།
ནད་ཡམས་ཀྱི་དབང་གིས་ལོ་ཤས་ནང་མི་མང་ཚོས་༧གོང་ས་མཆོག་ལ་དངོས་སུ་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་བྱུང་མེད་པར་བརྟེན། ད་ལམ་ཞལ་དངོས་མཇལ་བ་དང་གསུང་དངོས་སུ་ཐོས་པར་མི་མང་གིས་དགའ་སྤྲོ་ཧ་ཅང་ཆེན་པོ་གནང་གི་འདུག དགེ་བཤེས་མ་བསྟན་འཛིན་ཀུན་གསལ་ལགས་ནས། ད་ཐེངས་༧སྐུ་དངོས་སུ་མཇལ་རྒྱུ་བྱུང་བ་ལ་དགའ་སྤྲོ་བརྗོད་མི་ཤེས་པ་དང་རང་དབང་ཆེན་པོ་ཞིག་ཐོབ་པའི་ཚོར་སྣང་བྱུང་བ་འགྲེལ་བརྗོད་གནང་གི་འདུག
བགྲེས་སོང་བསོད་ནམས་རྡོ་རྗེ་ལགས་ནས་སྔར་ལས་ཀྱང་༧གོང་ས་མཆོག་༧སྐུ་གཟུགས་བདེ་ཐང་ཡིན་པ་མཇལ་རྒྱུ་བྱུང་བར། སེམས་ཧ་ཅང་དགའ་གུས་བྱུང་བ་འགྲེལ་བརྗོད་གནང་བྱུང་།
ཐག་རིང་ལ་དྭགས་ཟངས་དཀར་ནས་ཡོང་བ་ཚེ་རིང་སྟོབས་ལྡན་ལགས་ནས། འགྲོ་བ་སེམས་ཅན་གྱི་དོན་དུ་༧གོང་ས་མཆོག་སྐུ་གཟུགས་གསལ་ཐང་དུ་བཞུགས་པར། ཁོ་རང་དགའ་སྤྲོ་ཧ་ཅང་ཆེན་པོ་དང་༧གོང་ས་མཆོག་གི་མདུན་སར། ནད་འཁྲུག་མུ་གེ་སོགས་ཞི་བའི་སྨོན་ལམ་བཏབས་པ་ཡིན་གསུངས་བྱུང་།
༧གོང་ས་མཆོག་གི་གསུང་ཆོས་འདི་ནི་ནད་ཡམས་ཅུང་ཞི་འཇམ་རྗེས་ཀྱི་གསུང་ཆོས་ཐོག་མ་དེ་ཆགས་ཀྱི་ཡོད་པས། རྒྱ་གར་ནང་གི་ས་གནས་མང་པོ་ཞིག་བོད་མི་དང་རྒྱ་གར་ཡུལ་མི་ཧ་ཅང་མང་པོ་ཞིག ཆེད་དུ་བཞུགས་སྒར་དུ་བཅར་ཡོད་པར་བརྟེན། གཙུག་ལག་ཁང་གི་ཐོག་ཤོད་ཡོངས་རྫོགས་ཁེངས་ཡོད་པ་མ་ཟད། ཆོས་ཞུ་བ་ཧ་ཅང་འབོར་ཆེན་ཞིག་གསུང་ཆོས་ར་བར་མ་ཤོང་བར།་ཕྱིར་ཕེབས་དང་འབྲེལ་དྲ་ལམ་དུ་གསུང་ཆོས་ཞུ་དགོས་ཀྱང་ཐུག་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།