བྱམས་བརྩེ་གོང་མཐོར་གཏོང་རྒྱུའི་དུས་ལ་སླེབས་འདུག ༧གོང་ས་མཆོག་གིས།
2018.04.24
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་བྱམས་བརྩེ་གོང་མཐོར་གཏོང་རྒྱུར་བུད་མེད་ཚོས་དམིགས་བསལ་འགན་འཁྱེར་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མིའི་རང་བཞིན་ལྷན་སྐྱེས་ཀྱི་བསམ་བློའི་ནང་བྱམས་བརྩེའི་ཚོར་བ་ཡོད་པ་དེ་དག་གོང་མཐོར་གཏོང་རྒྱུའི་དུས་ལ་སླེབས་འདུག་པས་གནས་བབ་དེའི་ཐོག་ནས་བུད་མེད་ཚོས་དམིགས་བསལ་འགན་འཁྱེར་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་ཕྱི་ཟླ་ ༤ ཚེས་ ༢༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕྲུལ་རིག་སྦྱོང་བརྡར་བསྟི་གནས་ཁང་གི་དགེ་སློབ་རྣམས་དང་། མང་ཚོགས་བཅས་ལ་བཀའ་སློབ་སྩལ་སྐབས་བཀའ་གནང་འདུག
༧གོང་ས་མཆོག་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྟག་ཏུ་བེུད་ལ་ཕུང་པོའི་གྲུབ་ཆའི་ཆ་ནས་གཞན་གྱི་དཀའ་སྡུག་གི་ཚོར་བ་གཏིང་ཟབ་པ་མྱོང་ཐུབ་པའི་ནུས་པ་ཡོད་པ་དང་། རང་བཞིན་གྱི་བྱམས་བརྩེའི་ནུས་པ་ཆེ་བ་ཡོད་པ་བཀའ་གནང་གི་ཡོད་པར་བརྟེན། འཛམ་གླིང་ནང་གི་བེུད་ཀྱི་ཐོབ་ཐང་དོན་གཉེར་བ་ཚོས་ཡིད་རངས་ཆེན་པོ་ཞུ་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ལྡི་ལིའི་ནང་བཀའ་སློབ་བསྩལ་སྐབས་ གང་ཉིད་དང་དང་ཐུགས་ཉེ་བ་ཨཡི་རིཤ་ཡི་(Irish)སྲིད་འཛིན་ལྕམ་ མེ་རི་རོ་བྷིན་སོན་(Mary Robinson)་མཆོག་གིས་གང་ཉིད་ལ་བུད་མེད་ཐོབ་ཐང་རྩོད་མཁན་ཏཱ་ལའི་བླ་མ་ཞེས་གསུངས་མྱོང་ཡོད་པ་ཞོར་འཕྲོས་སུ་བཀའ་གནང་འདུག
ད་དུང་༧གོང་ས་མཆོག་གིས་བཀའ་སློབ་སྩལ་བའི་ནང་། ཕུང་པོའི་གྲུབ་ཆའི་སྟེང་ནས་མིའི་ཀླད་པ་འདི་ངོ་མཚར་ཅན་ཞིག་ཡིན་པ་དང་། ད་ཆ་ཚན་རིག་པ་ཚོས་ཀྱང་མིའི་གཞི་རྩའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ལྡན་པ་ཡིན་པ་ཤེས་རྟོགས་ཐུབ་ཡོད། ང་ཚོའི་མི་ཚེ་ཐོག་མར་འགོ་འཛུགས་སྟངས་དེའང་བྱམས་བརྩེའི་འོག་ནས་འགོ་བཙུགས་པ་ཞིག་རེད་ལ་དེ་ནས་རིམ་བཞིན་འཚར་ལོངས་བྱེད་སྐབས་སུའང་གཞན་གྱི་བྱམས་བརྩེའི་འོག་ནས་འཚར་ལོངས་བྱེད་བཞིན་ཡོད་པས། ད་ཆ་ང་ཚོས་མིའི་རང་བཞིན་ལྷན་སྐྱེས་ཀྱི་བསམ་བློའི་ནང་བྱམས་བརྩེའི་ཚོར་བ་ཡོད་པ་དེ་དག་གོང་མཐོར་གཏོང་རྒྱུའི་དུས་ལ་སླེབས་འདུག་པས་གནས་བབ་དེའི་ཐོག་ནས་བུད་མེད་ཚོས་དམིགས་བསལ་འགན་འཁྱེར་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་འདུག་ཅེས་སོགས་ཀྱི་བཀའ་སློབ་སྩལ་འདུག
གསར་འགོད་པ་འཆི་མེད།