༧གོང་ས་མཆོག་གིས་ཐེ་ཝན་གཙོས་དད་ལྡན་པ་སྟོང་ཕྲག་མང་པོར་ཆོས་འབྲེལ།


2019.10.03
སྤྱི་ནོར་༧གོང་ས་མཆོག་གིས་ཐེ་ཝན་གཙོས་དད་ལྡན་པ་སྟོང་ཕྲག་མང་པོར་ཆོས་འབྲེལ་སྐབས། ༢༠༡༩།༡༠།༣ སྤྱི་ནོར་༧གོང་ས་མཆོག་གིས་ཐེ་ཝན་གཙོས་དད་ལྡན་པ་སྟོང་ཕྲག་མང་པོར་ཆོས་འབྲེལ་སྐབས། ༢༠༡༩།༡༠།༣
Photo: RFA

མི་སྒེར་གྱི་མི་ཚེ་སྐྱིད་པོ་ཞིག་ཡོང་མིན་ནི་འཛམ་གླིང་སྤྱིའི་མིའི་སྤྱི་ཚོགས་དང་འབྲེལ་བ་ཆགས་ཡོད་པ་༧གོང་ས་མཆོག་གིས་ཐེ་ཝན་གཙོས་དད་ལྡན་པར་ཆོས་འབྲེལ་སྐབས་བཀའ་བསྩལ་འདུག
ཐེ་ཝན་གྱི་དད་ལྡན་པ་ཚོགས་སྡེ་ཁག་གཅིག་གིས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། འཛམ་གླིང་གི་རྒྱལ་ཁབ་ཁག་༦༡་ནས་ཡོང་བའི་སེར་སྐྱ་ཕོ་མོ་བདུན་སྟོང་ལྔ་བརྒྱ་བརྒལ་བར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཉིན་གྲངས་གསུམ་རིང་སྩོལ་རྒྱུའི་དབུ་མ་རིན་ཆེན་ཕྲེང་བའི་སྒོ་ནས་གསུང་ཆོས་ཕྱི་ཟླ་ ༡༠ ཚེས་ ༣ ནས་དབུ་འཛུགས་གནང་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་ཏུ་ནང་ཆོས་ཉམས་ཆག་ཆེན་པོ་སོང་ཡོད་ནའང་། དེང་སང་རྒྱ་ནག་ཏུ་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་རྒྱ་རིགས་ནང་པའི་ཆོས་གྲོགས་ཚོས་སློབ་སྦྱོང་བྱེད་དགོས་པ་བཀའ་གནང་ཞིང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཀྱི་ཉམས་རྟོགས་ངོ་མ་དེ་ཆོས་སློབ་སྦྱོང་བྱེད་ནས་ཡོང་རྒྱུ་ཡིན་པ་ལས་ཁ་ནས་སངས་རྒྱས་ཀྱི་མཚན་སྔགས་གྲངས་གསོག་བྱེད་པ་ཙམ་གྱིས་ཡོང་རྒྱུ་མིན་པ་བཀའ་གནང་ཡོད་པ་རེད།
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་འཁྲུག་པ་བརྒྱབས་པ་ནི་ཧ་ཅང་གིས་སེམས་སྐྱོ་བོ་ཡིན་པ་དང་། དད་པ་དེ་སོ་སོའི་ཆོས་ལུགས་ལ་བྱེད་པ་དང་། གུས་པ་དེ་ཆོས་ལུགས་ཚང་མ་ལ་བྱས་ན་ཏག་ཏག་འགྲོ་ཡི་རེད་ཅེས་ལམ་སྟོན་གནང་བ་དང་། མི་སྒེར་གྱི་མི་ཚེ་སྐྱིད་པོ་ཞིག་ཡོང་མིན་ནི་འཛམ་གླིང་སྤྱིའི་མིའི་སྤྱི་ཚོགས་དང་འབྲེལ་བ་ཆགས་ཡོད་པས། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་སྐྱེས་གལ་ཆེ་བ་བཀའ་གནང་གི་འདུག
ཐེ་ཝན་གྱི་བསྟན་འཛིན་བྱམས་ཆེན་ཆོས་ཚོགས་སོགས་ནས་ཡོང་བའི་རྒྱ་རིགས་དད་ལྡན་པ་ཚོས། ༧གོང་ས་མཆོག་གི་གསུང་ཆོས་ལ་ཉན་འདོད་ཆེན་པོ་ཡོད་པས། ལོ་རྟག་པར་བཞུགས་སྒར་དུ་གསུང་ཆོས་ཞུ་རུ་ཡོང་གི་ཡོད་པ་དང་། གལ་ཏེ་༧གོང་ས་མཆོག་ཐེ་ཝན་དུ་ཕེབས་ཐུབ་ན་ཁོང་ཚོས་ཧ་ཅང་བསྐལ་བཟང་པོ་ཡིན་པར་ངོས་འཛིན་གནང་གི་འདུག
ཡང་སོག་ཡུལ་གྱི་རྒྱལ་ས་ཨོ་ལན་བྷ་ཏར་ནས་ཆེད་ཕེབས་ཆོས་ཞུ་བ་ཞིག་གིས། སོག་པོའི་མི་རིགས་རྣམས་ནི་༧རྒྱལ་མཆོག་བསོད་ནམས་རྒྱ་མཚོའི་སྐབས་ནས་འབྲེལ་བ་ཤུགས་ཆེ་བྱུང་སྟེ། སོག་ཡུལ་དུ་༧གོང་ས་མཆོག་ལ་དད་གུས་ཧ་ཅང་ཆེན་པོ་ཞུ་གི་ཡོད་པས། ཁོང་ཚོ་མི་ཁག་ཅིག་ལོ་རྟག་པར་གསུང་ཆོས་ལ་བཅར་གྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡང་ཨ་མི་རི་ཀའི་བུད་མེད་ཨེ་མི་ཇོན་སི་ལགས་ཀྱིས། ད་ལྟའི་འཛམ་གླིང་གི་སྲིད་དོན་དང་ཆོས་ལུགས་ཀྱི་དཀའ་རྙོག་གནས་སྟངས་འདིར། ༧གོང་ས་མཆོག་གི་བྱམས་བརྩེའི་བཀའ་སློབ་ཁག་ཧ་ཅང་གལ་ཆེན་མཐོང་གི་ཡོད་པ་གསུངས་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གྱི་མཇུག་ཏུ། ཡངས་སྟེང་རིན་པོ་ཆེ་མཆོག་གིས་ཆོས་བཤད་དང་ཆོས་ཀྱི་བགྲོ་གླེང་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎