ཉོན་མོངས་ཀྱི་བློ་དོར་ནས་འཚེ་བ་མེད་པ་དང་བདེ་སྐྱིད་ལྡན་པའི་གོ་ལ་ཞིག་བསྐྲུན་ཐབས་ལ་འབད་དགོས། ༧གོང་ས་མཆོག་གིས།

2022.12.21
ཉོན་མོངས་ཀྱི་བློ་དོར་ནས་འཚེ་བ་མེད་པ་དང་བདེ་སྐྱིད་ལྡན་པའི་གོ་ལ་ཞིག་བསྐྲུན་ཐབས་ལ་འབད་དགོས། ༧གོང་ས་མཆོག་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་(Salwan Public School)་སློབ་གྲྭར་བཀའ་སློབ་བསྩལ་སྐབས། ༡༢།༢༡།༢༠༢༢
OHHDL

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་སཱལ་ཝན་ཤེས་ཡོན་ཐེབས་རྩ་(Salwan Education Trust)་ཡིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༡༢ཚེས་༢༡ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེབས་རྩ་དེ་ཉིད་ཀྱི་འཛིན་སྐྱོང་འོག་ཡོད་པའི་སློབ་གྲྭ་(Salwan Public School)་དུ་ཆིབས་བསྒྱུར་མཛད་དེ། སཱལ་ཝན་ཤེས་ཡོན་ཐེབས་རྩའི་སྒྲིག་འཛུགས་ནང་ཡོད་པའི་སློབ་ཕྲུག་གྲྭ་ཁག་༩ལྷག་གི་དགེ་ལས་སློབ་ཕྲུག་༡༢༠༠༠ལྷག་གཙོས་པའི་ཧ་རེ་ཡ་ན་མངའ་སྡེའི་ནང་ཆགས་པའི་(Gurugram)་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་ལས་ཕ་མ་སློབ་ཕྲུག་སོགས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད(Secular Ethics)་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བའི་སྐབས། ༧གོང་ས་མཆོག་གིས། འཛམ་གླིང་འདིའི་ནང་འགྲོ་བ་མི་ཐེར་འབུམ་བདུན་ནས་བརྒྱད་བར་ཡོད་པ་ཚང་མ་གཅེན་གཅུང་གི་འདུ་ཤེས་བཟུང་བའི་སྒོ་ནས་འགྲོ་བ་མི་གཅིག་མཚུངས་ཡིན་པ་མ་ཟད། ཚང་མ་ཨ་མ་བརྒྱུད་ནས་སྐྱེས་པ་ཤ་སྟག་ཡིན་པས། ང་ཚོར་རང་བཞིན་ལྷན་སྐྱེས་སུ་བྱམས་སྙིང་རྗེའི་སེམས་རྒྱུད་ཡོད་པ་ནི་ཨ་མ་ལས་བྱུང་བ་ཡིན། ལྷག་པར་སེམས་ཅན་དུད་འགྲོ་ཡིན་ནའང་ཨ་མའི་གསོ་སྐྱོང་འོག་སྐྱེས་འཚར་བྱུང་གི་ཡོད། དེར་བརྟེན། ང་ཚོའི་མཐར་ཐུག་གི་དམིགས་ཡུལ་ནི་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐབས་དེ་ཡིན་དགོས་ལ། དེ་ལྟར་ཡོང་ཐུབ་པའི་གཞི་རྟེན་ཆ་ཚང་ང་ཚོའི་རྒྱུད་ལ་ཡོད་ཅེས་བཀའ་གནང་འདུག
ཡང་སཱལ་ཝན་ཐེབས་རྩ་ཁང་གི་གཙོ་འཛིན་སྐུ་ཞབས་(Sushil Salwan)་ལགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྡི་ལིར་རྟེན་གཞི་བྱས་པའི་སཱལ་ཝན་ཤེས་ཡོན་ཐེབས་རྩ་(Salwan Education Trust)་གཉིས་བར་དམིགས་བསལ་འབྲེལ་བ་བྱུང་ཚུལ་སྐོར་ངོ་སྤྲོད་ཞིབ་རྒྱས་གནང་ཞིང་། སཱལ་ཝན་ཤེས་ཡོན་ཐེབས་རྩའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ནང་༧གོང་ས་༧སྐྱབས་མགོན་༧སྐུ་ཕྲེང་བཅུ་བཞི་མཆོག་གི་དགོངས་པ་སློབ་གཉེར་བྱེད་པའི་སློབ་ཚན་གཏན་འབེབས་དང་ལག་བསྟར་གནང་རྒྱུ་ཡིན་པའི་སྐོར་སྙན་སྒྲོན་ཞུས་ཡོད་པ་རེད།

dalai lama Salwan Public School.jpg
སྤྱི་ལོ་༡༩༩༧ལོར་སཱལ་ཝན་ཤེས་ཡོན་ཐེབས་རྩ་ཡིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁུལ་འདིར་གདན་ཞུས་ཀྱིས། སྐབས་དེར་ཤེས་ཡོན་ཐེབས་རྩ་དེ་ཉིད་ཀྱི་འཛིན་སྐྱོང་འོག་ཡོད་པའི་སློབ་གྲྭ་ཁག་༦གི་སློབ་ཕྲུག་༤༥༠༠ལྷག་ལ་བྱམས་བརྩེ་དང་བཟང་སྤྱོད་ལྡན་པའི་སྤྱི་ཚོགས་ཤིག་སྐྲུན་དགོས་པའི་གལ་གནད་སྐོར་བཀའ་སློབ་སྩལ་ཡོད་པ་དེ་ང་ཚོའི་བསོད་ནམས་དང་གཟི་བརྗིད་ཡིན་ལ། ལྷག་ཏུ་འདས་པའི་ལོ་ངོ་༢༤ཡི་གོང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སཱལ་ཝན་ཤེས་ཡོན་ཐེབས་རྩའི་ལྟེ་གནས་(Rajendra Nagar)་ཁུལ་དུ་བྱང་ཆུབ་ལྗོན་ཤིང་ཞིག་འདེབས་འཛུགས་མཛད་ཡོད་པ་དེ་སྐྱེས་འཚར་བྱུང་བའི་སྐབས། ང་ཚོར་འགྲོ་བ་མིའི་རིན་ཐང་ཐད་དྲན་སྐུལ་ཞུ་བཞིན་ཡོད། དེ་ནས་༢༠༡༧ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ང་ཚོའི་ཤེས་ཡོན་ཐེབས་རྩ་ཆགས་ཡུལ་(Rajendra Nagar)་ཁུལ་དུ་ཆིབས་བསྒྱུར་ཐེངས་༢པ་དེ་མཛད་ནས་སྐབས་དེར་ཐེབས་རྩ་དེ་ཉིད་ཀྱི་འཛིན་སྐྱོང་འོག་ཡོད་པའི་སློབ་གྲྭ་ཁག་༩ཡི་དགེ་ལས་སློབ་ཕྲུག་༡༠༠༠༠ལྷག་ལ་བྱམས་བརྩེ་གོང་འཕེལ་ཐད་སྔར་ལྷག་སེམས་ཤུགས་སྦྱིན་ཡོད་པ་སོགས་གསུང་འདུག
ཡང་དྲི་བ་དྲིས་ལན་སྐབས། འཛིན་རིམ་དྲུག་པའི་སློབ་མ་(Nil Atikari)་ལགས་ཀྱིས། ཕྱིའི་དངོས་པོ་ཡར་རྒྱས་དང་རང་གཅེས་འཛིན་གྱི་བསམ་བློ་ཤུགས་ཆེར་ཡོད་པའི་མི་རབས་གསར་པ་ཚོ་བཟང་སྤྱོད་ལྡན་པའི་སྤྱི་ཚོགས་བསྐྲུན་མཁན་གྱི་མི་སྣ་ཞིག་ཆགས་པར་ཐབས་ལམ་ཡག་ཤོས་དེ་ག་རེ་ཡིན་ནམ་ཞེས་༧གོང་ས་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུས་སྐབས། ༧གོང་ས་མཆོག་གིས། བཟང་སྤྱོད་དང་ནང་སེམས་ཀྱི་ཞི་བདེ་གཉིས་འབྲེལ་བ་ཡོད་པ་དང་། སེམས་ཞི་བདེ་གནས་པར། དང་ཐོག་ཁོང་ཁྲོ་དང་ང་རྒྱལ། བློ་དོགས་སོགས་ཉོན་མོངས་ཀྱི་བློ་དེ་དག་ངེས་པར་དུ་ངོས་བཟུང་ཐུབ་པ་བྱ་དགོས་ཤིང་། སེམས་ཞི་བདེ་དཀྲུག་མཁན་ངོ་མ་ནི་དེ་དག་ཡིན། ཡང་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བློ་ནི་གོང་ཞུས་ཉོན་མོངས་ཀྱི་བློ་དང་ལྡོག་ཕྱོགས་ཡིན་པ་མ་ཟད། རང་ཉིད་ལ་བཅོས་མིན་གྱི་བློ་སྟོབས་སྦྱིན་མཁན་དེ་ཡང་ཡིན། ཇི་ཙམ་གྱིས་གཞན་ཕན་གྱི་བློ་ཉམས་ལེན་བྱས་ཚེས། དེ་ཚོད་ཀྱིས་རང་ཉིད་ཀྱི་སེམས་ལ་ཞི་བདེ་ཡོང་ཡོང་རྒྱུ་ཡིན་པ་རེད། མི་ཚང་མར་གཅིག་མཚུངས་ཀྱི་སེམས་ཞི་བདེ་དགོས་ཀྱི་ཡོད། དེ་ལྟར་ཡོང་བར། དེང་གི་ཤེས་ཡོན་སློབ་གསོ་གཅིག་པོས་འདང་གི་མེད་པ་གསལ་པོ་རེད། དེར་བརྟེན། རྒྱ་གར་གྱི་མི་རབས་གསར་པ་ཚོས་ངེས་པར་དུ་ནང་སེམས་ཞི་བདེ་སྐྲུན་ཐབས་དང་འབྲེལ་བའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་བཟང་པོ་དེ་དག་ལ་དོ་སྣང་བྱ་དགོས་གལ་ཆེ་ཞེས་བཀའ་བསྩལ་སོང་།
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་བའི་ནང་། ང་ཚོས་བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློ་གཙོ་བཟུང་གིས་རྣམ་དཔྱོད་ལྡན་པའི་སྒོ་ནས་ལས་དོན་བསྒྲུབ་པ་ཡིན་ན། དོན་དམ་གྱི་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་ངེས་ཡིན། འོན་ཀྱང་། བློ་ཕམ་པ་ཞིག་ལ། འགྲོ་བ་མི་མང་པོ་ཞིག་གིས། རང་ཉིད་ཀྱི་ཁྱད་དུ་འཕགས་པའི་རྣམ་དཔྱོད་དེ་འཕྲུལ་ཆས་དང་གོ་མཚོན་ཚུད་པའི་ཕྱིའི་དངོས་པོ་ཡར་རྒྱས་ཡོང་བ་ཁོ་ན་ལ་བེད་སྤྱོད་བྱེད་ཀྱི་ཡོད། དེར་བརྟེན། ང་ཚོས་འདི་ལྟ་བུའི་བསམ་བློ་འགྱུར་བ་བཏང་སྟེ། འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་གཏོང་རྒྱུ་གཞི་རྩར་བཟུང་བའི་སྒོ་ནས་འཚེ་བ་མེད་པ་དང་བདེ་སྐྱིད་ལྡན་པའི་གོ་ལ་ཞིག་བསྐྲུན་ཐབས་ལ་ངེས་པར་དུ་འབད་དགོས་ཅེས་བཀའ་གནང་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་མཛད་འཆར་ཁག་འགྲུབ་ཟིན་པ་དང་། ཕྱི་ཟླ་༡༢བའི་ཚེས་༢༢ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་ཡིན་པ་རེད། འདི་ནི་འཛམ་གླིང་ནང་ཕྱི་ལོ་༢༠༢༠ཐམ་པའི་ལོ་ནས་བཟུང་ཏོག་དབྱིབས་རིམས་ནད་ཤུགས་ཆེ་ཁྱབ་གདལ་གྱི་གནས་ཚུལ་བྱུང་རྗེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གནས་མཆོག་རྡོ་རྗེ་གདན་གྱི་ཆིབས་བསྒྱུར་ཐོག་མ་དེ་ཆགས་ཀྱི་ཡོད་ཅིང་། སེར་སྐྱ་མི་མང་སྟོང་ཚོ་མང་པོ་རྡོ་རྗེ་གདན་དུ་འབྱོར་ཟིན་འདུག་ལ། ད་དུང་ཡང་དད་ལྡན་པ་མང་པོ་ཞིག་རིམ་པས་འབྱོར་རྒྱུའི་ཚོད་དཔག་བྱེད་བཞིན་འདུག


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎