རྣམ་དཔྱོད་དང་བྱམས་བརྩེ་གཉིས་ཟུང་དུ་འབྲེལ་ན་སེམས་ཀྱི་ཞི་བདེ་བསྐྲུན་ཐུབ། ༧གོང་ས་མཆོག་གིས།

2021.12.08
རྣམ་དཔྱོད་དང་བྱམས་བརྩེ་གཉིས་ཟུང་དུ་འབྲེལ་ན་སེམས་ཀྱི་ཞི་བདེ་བསྐྲུན་ཐུབ། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་ཚན་རིག་པ་ལྷན་དུ་བགྲོ་གླེང་སྐབས། ༡༢།༨།༢༡
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་མི་རི་ཀར་རྟེན་གཞི་བྱས་པའི་སེམས་དང་སྲོག་ལྟེ་གནས་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༡༢་ཚེས་༨་ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་ཐད་གཏོང་བརྒྱུད་༧གོང་ས་སྐྱབས་མགོན་ཆེན་པ་མཆོག་གིས་ཚན་རིག་པ་གཉིས་དང་ལྷན་དུ་༼དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་སུ་རེ་བ་དང་སྙིང་སྟོབས། བྱམས་བརྩེ་བཅས་དང་དུ་ལེན་པ་༽་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བའི་སྐབས། ༧གོང་ས་མཆོག་གིས། དོན་དངོས་ཐོག་འཛམ་གླིང་དེ་ཆུང་དུ་འགྲོ་བཞིན་ཡོད། དཔེར་ན། གནམ་གཤིས་འགྱུར་ལྡོག་ལ་སོགས་པ་འཛམ་གླིང་སྤྱི་ལ་འཕྲད་བཞིན་པའི་དཀའ་ངལ་དེ་དག་གིས་ང་ཚོར་གོ་ལ་གཅིག་གྱུར་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བཅངས་པར་དྲན་སྐུལ་བྱེད་ཀྱི་ཡོད། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བཟུང་བའི་ཐོག་ནས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་དགོས། དེར་བརྟེན། ཕན་ཚུན་སླུ་བྲིད་དང་འགྲན་སེམས་བྱས་ནས་བསྡད་པ་ལས་ཐུན་མོང་གི་ནུས་པ་སྤོངས་ཏེ་མཉམ་རུབ་ཀྱིས་བྱ་བ་བསྒྲུབ་དགོས་གལ་ཆེ། དེ་མིན་སོ་སོའི་རྒྱལ་ཁབ་དང་སོ་སོའི་ལུང་པ་། སོ་སོ་ཁོ་ནར་བསམ་བློ་བཏང་ནས་གོ་མཚོན་མང་པོ་ཞིག་བཟོ་བསྐྲུན་བྱས་ཏེ། མཐར་འགྲོ་བ་མི་ཕན་ཚུན་གསོད་རེས་བཏང་བསྡད་པ་ཡིན་ན། དཀའ་ངལ་ཇེ་མང་དུ་འགྲོ་་བ་ལས་ཕན་ཐོག་གང་ཡང་མེད་ཅེས་བཀའ་གནང་སོང་།

dalai lama life mind.JPG
ད་ཐེངས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱི་དྲ་ཐོག་བགྲོ་གླེང་དེའི་ཐོག་གཙོ་བོ་དེང་གི་ཚན་རིག་པ་གཉིས་མཉམ་བཞུགས་གནང་ཡོད་པ་ལས། སློབ་དཔོན་(Elissa Eple)་ལགས་ནི། ཨ་རིའི་ཁ་ལེ་ཧྥོ་ནི་ཡ་གཙུག་ལག་སློབ་ཆེན་གྱི་སེམས་ཁམས་རིག་པའི་སློབ་དཔོན་ཡིན་པ་དང་། མིའི་བསམ་བློའི་དཀའ་ངལ་དང་འབྲེལ་བའི་ཉམས་ཞིབ་གནང་མཁན་ཞིག་ཀྱང་ཡིན་འདུག་ཅིང་། ཁོང་མོས། ༧གོང་ས་མཆོག་ལ། ངེས་གཏན་མེད་པའི་གནས་སྟངས་དེའི་དབང་གིས་ང་ཚོར་སེམས་འཚབ་དང་དངངས་སྐྲག་མང་པོ་ཞིག་ཡོང་གི་ཡོད་པ་དེར་གདོར་ལེན་ཇི་ལྟར་གནང་དགོས་པ་བཀའ་དྲིས་ཞུ་སྐབས། དུས་ཚོད་འགྱུར་བ་འགྲོ་བཞིན་ཡོད་པའི་སྐབས་དང་བསྟུན་ནས་ང་ཚོས་ཤེས་རབ་ཀྱི་ལམ་ནས་ནང་སེམས་ཞི་བདེ་བསྐྲུན་ཐབས་ལ་འབད་དགོས་ལ། ང་ཚོ་འགྲོ་བ་མིར་གཞན་དང་མི་འདྲ་བར་དམིགས་བསལ་གྱི་ནུས་པ་ཞིག་ཡོད་པ་དེ་ནི་རྣམ་དཔྱོད་དེ་ཡིན་པས། དེ་དང་འགྲོ་བ་མིའི་རྒྱུད་ལ་ཡོད་པའི་བྱམས་བརྩེ་གཉིས་ཟུང་འབྲེལ་གྱིས་སེམས་ཞི་བདེ་སྐྲུན་ཐུབ་པ་མ་ཟད། དེའི་བརྒྱུད་ནས་དོན་དངོས་ཀྱི་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་ཀྱང་བསྐྲུན་ཐུབ་ངེས་ཡིན་ཞེས་བཀའ་ལན་གནང་སོང་།
ཡང་སེམས་ཁམས་ཚན་རིག་པ་(Michelle Shiota)་ལགས་ནི་སེམས་ཁམས་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གི་ཐོག་ཉམས་ཞིབ་གནང་མཁན་ཞིག་ཡིན་འདུག་པ་དང་། སེམས་ཚོར་ཐོག་ལ་དམིགས་བསལ་གྱི་ཉམས་ཞིབ་དང་དེ་འབྲེལ་དཔེ་དེབ་ཀྱང་བརྩམས་འདུག་ཅིང་། ཁོང་མོས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། དུས་རབས་ཉེར་གཅིག་འདིའི་ནང་མིའི་དབང་རྩའི་ཚན་རིག་པ་དང་། སེམས་ཁམས་ཚན་རིག་པ། སྨན་བཅོས་ཚན་རིག་པ་སོགས་ཀྱིས་དམིགས་བསལ་གྱི་ཉམས་ཞིབ་བྱེད་དགོས་པའི་གནས་ཚུལ་གསར་པ་རིགས་ག་རེད་ཡོད་མེད་སྐོར་ལམ་སྟོན་གནང་རོགས་ཞེས་བཀའ་དྲིས་ཞུས་པར། ༧གོང་ས་མཆོག་གིས། སེམས་ཁམས་རིག་པ་དེ་སྤྱིར་སངས་རྒྱས་པའི་ཆོས་དང་ལྷག་པར་དུ་རིག་པའི་ལམ་ནས་བརྟག་དཔྱད་བྱས་ནས་བསྒྲུབ་པའི་ནཱ་ལེན་འདྲའི་ཆོས་བརྒྱུད་དེ་རིག་པར་གཙོ་བོ་བརྟེན་ཡོད་པས། དེ་དང་དེང་གི་སེམས་ཁམས་རིག་གཉིས་ཟུང་འབྲེལ་བྱས་པ་ཡིན་ན། ཏན་ཏན་ཕན་ཐོག་འདུག སེམས་ཁམས་རིག་པ་དེ་ཡིད་ལུས་རྣམ་བཞག་དང་འབྲེལ་བ་ཡོད་པས། ཡིད་ལུས་འགྲོ་སྟངས་དེ་ཀླད་པ་དང་འབྲེལ་བ་ག་འདྲ་ཡོད་མེད་ཐོག་ལ་ཉམས་ཞིབ་གནང་དགོས་པ་ལམ་སྟོན་བཀའ་སློབ་གནང་སོང་།

dalai lama life mind2.JPG
ཡང་བགྲོ་གླེང་གི་མཐའ་མཇུག་ཏུ་གོང་ཞུས་ཚན་རིག་པ་གཉིས་ཀྱི་རང་ཉིད་ཀྱི་དགོངས་ཚུལ་གླེང་པའི་སྐབས། སློབ་དཔོན་(Elissa Eple)་ལགས་ཀྱིས། བདེ་སྐྱིད་སྐོར་སློབ་སྤྱོང་བྱེད་རྒྱུའི་དཔེ་དེབ་ཡག་ཤོས་ཤིག་ནི་༧གོང་ས་མཆོག་དང་ཡེ་ཤུའི་བླ་ཆེན་ཊུ་ཊུ་རྣམ་གཉིས་བར་བགྲོ་གླེང་མཛད་པའི་ཕྱོགས་སྒྲིག་དཔེ་དེབ་(Book of Joy)་ཞེས་པ་དེ་ཡིན་པ་དགོངས་ཚུལ་གསུང་ཡོད་པ་རེད།
ཡང་སྐབས་དེར་སེམས་ཁམས་ཚན་རིག་པ་(Michelle Shiota)་ལགས་ཀྱིས་རང་ཉིད་ལ་བདེ་སྐྱིད་ཡོང་བར་གཙོ་བོ་གུ་ཡངས་ཀྱི་བསམ་བློ་དགོས་གལ་ཆེ་བ་མཐོང་གི་འདུག་ལ། ལྷག་པར་དུ་འཛམ་གླིང་སྤྱིར་སེམས་ཁུར་ཡོད་པའི་སྒོ་ནས་རང་ལ་བདེ་སྐྱིད་ཡོང་ཐབས་ལ་འབད་དགོས་པ་གལ་གནད་སྐོར་འགྲེལ་བརྗོད་གནང་གི་འདུག
སེམས་དང་སྲོག་ལྟེ་གནས་ཁང་ནི། སྤྱི་ལོ་༡༩༩༡་ལོར་ཨ་མི་རི་ཀར་གསར་འཛུགས་གནང་བ་ཞིག་ཡིན་འདུག་ཅིང་། དེའི་དམིགས་ཡུལ་གཙོ་བོ་ནི་དེང་གི་ཚན་རིག་དང་འགྲོ་བ་མིའི་ཤེས་རབ་གཉིས་ཟུང་འབྲེལ་གྱི་ཐོག་ནས་བཟང་ཕྱོགས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུ་དེ་ཡིན་འདུག་པ་དང་། ལྟེ་གནས་ཁང་དེའི་མཐུན་འགྱུར་འོག་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ལྷག་གི་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འཛམ་གླིང་གི་ཚན་རིག་པ་གྲགས་ཅན་དུ་མ་ཞིག་མཇལ་འཕྲད་ཀྱིས་སེམས་ཁམས་ཚན་རིག་དང་། ཤེས་པ། སེམས་ཚོར། དེ་བཞིན་བྱམས་བརྩེ་སོགས་དང་འབྲེལ་བའི་ཐོག་བགྲོ་གླེང་ཐེངས་མང་གནང་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎