༧གོང་ས་མཆོག་གིས་གསར་འགོད་རིག་པར་སློབ་གཉེར་གནང་བཞིན་པའི་རྒྱ་གར་གྱི་སློབ་མ་ཁག་ཅིག་ལ་མཇལ་ཁ་བསྩལ་འདུག

2022.10.21
༧གོང་ས་མཆོག་གིས་གསར་འགོད་རིག་པར་སློབ་གཉེར་གནང་བཞིན་པའི་རྒྱ་གར་གྱི་སློབ་མ་ཁག་ཅིག་ལ་མཇལ་ཁ་བསྩལ་འདུག ༧གོང་ས་མཆོག་གིས་གསར་འགོད་རིག་པར་སློབ་གཉེར་གནང་བཞིན་པའི་རྒྱ་གར་གྱི་སློབ་མ་ཁག་ཅིག་ལ་མཇལ་ཁ་བསྩལ་རྗེས། ༡༠།༢༡།༢༠༢༢
OHHDL

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག ལྡི་ལི་གཙུག་ལག་སློབ་ཆེན་ནང་དུ་གསར་འགོད་རིག་པའི་ཐོག་སློབ་གཉེར་གནང་བཞིན་པའི་སློབ་མ་༢༦དང་སློབ་དཔོན་གཉིས་བཅས་མི་གྲངས་༢༨བོད་ཀྱི་ཆོས་དང་རིག་གཞུང་། ལོ་རྒྱུས་སོགས་བོད་མིའི་གནས་སྟངས་རྒྱུས་ལོན་ཡོང་ཆེད་བོད་མིའི་སྒྲིག་འཛུགས་གཙོ་བོར་གྱུར་པའི་བཞུགས་སྒར་ཁུལ་གྱི་སློབ་གྲྭ་ཁག་དང་། ཚོགས་སྡེ་ཁག་ཏུ་ལྟ་སྐོར་སླད་འདི་ཚེས་༡༨ཉིན་འབྱོར་ཡོད་པ་ལྟར། འདི་ཚེས་༢༡ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་ལས་སློབ་ཕྲུག་དེ་དག་ལ་མཇལ་ཁ་བསྩལ་གནང་མཛད་འདུག
དེའི་རྗེས་གསར་འགོད་རིག་པའི་ཐོག་སློབ་གཉེར་བ་སྐུ་ཞབས་(Kunal Kushwa)་ལགས་ཀྱིས། དེ་རིང་སྔ་དྲོ་༧གོང་ས་ཏཱ་ལའི་བླ་མ་མཆོག་དངོས་སུ་མཇལ་རྒྱུ་བྱུང་དེ་ནི་ངའི་མི་ཚེ་ནང་དུས་ཚིགས་ཧ་ཅང་གི་ཁྱད་པར་ཅན་ཞིག་ཏུ་གྱུར་སོང་། དམིགས་བསལ་ཁོང་གིས། ང་ལ་ཕྱག་དབང་གནང་བའི་སྐབས་དགའ་སྣང་གིས་མིག་ཆུ་རང་དབང་མེད་པ་ཤོར་སོང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་ཆ་ནས་རྒྱ་གར་ནི་ཆབ་སྲིད་དང་རིག་གཞུང་། དཔལ་འབྱོར་གང་གི་ཆ་ནས་བོད་མིར་ཧ་ཅང་གི་གལ་འགངས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། བཙན་བྱོལ་བོད་མི་ཚོར་རྒྱ་གར་ལས་ལྷག་པ་གཞན་རྒྱལ་ཁབ་སུས་ཀྱང་ཧ་ལམ་རོགས་སྐྱོར་གནང་ཐུབ་པ་མེད་པ་ལྟ་བུ་ཡིན་ཞིང་། སློབ་གཉེར་བ་རྒྱ་གར་གྱི་ན་གཞོན་(Chirag Jha)་ལགས་ཀྱིས། ང་རྡ་རམ་ས་ལར་མ་སླེབས་གོང་ནས་བོད་ཀྱི་གནད་དོན་ཐོག་གོ་རྟོགས་ཅུང་ཙམ་ཡོད། འོན་ཀྱང་། འདིར་དངོས་སུ་འབྱོར་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་པའི་འབྲེལ་ཡོད་ལས་བྱེད་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནང་ལྟ་སྐོར་རྗེས། བོད་པའི་འཐབ་རྩོད་དང་གནས་སྟངས་སོགས་ཀྱི་ཐད་གོ་རྟོགས་ཞེ་དྲགས་བྱུང་ལ། བོད་མིའི་ན་ཟུག་ངོ་མ་དེ་ཡང་ཤེས་རྟོགས་བྱུང་། ལྷག་ཏུ་ད་ཐེངས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུ་བྱུང་བ་དེ་ནི་ངའི་མི་ཚེའི་ནང་ཡུན་རིང་རེ་སྒུག་བྱས་པའི་དམིགས་ཡུལ་ཞིག་ཀྱང་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་འཐབ་རྩོད་ཁྲོིད་རྒྱ་གར་གྱི་མི་རབས་གསར་པ་ཚོས་བོད་ཀྱི་གནད་དོན་རྒྱུས་ལོན་དགོས་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེ་ཞིང་། ལྡི་ལི་གཙུག་ལག་སློབ་ཆེན་གྱི་གསར་འགོད་རིག་པ་སྡེ་ཚན་གྱི་སློབ་དཔོན་(ShuPra Raj)་ལགས་ཀྱིས། རྒྱ་གར་ནི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པས། གསར་འགོད་པ་ནི་ཧ་ཅང་གི་གལ་ཆེ་པོ་ཆགས་ཡོད། བོད་མི་རྣམ་བཙན་བྱོལ་དུ་འབྱོར་ནས་མི་ལོ་༦༠ལྷག་ཟིན་ཡོད་ཀྱང་། གསར་འགོད་གཙོས་པའི་རྒྱ་གར་གྱི་ཤེས་ཡོན་སྡེ་ཁག་མང་པོ་ཞིག་ནང་། ༧གོང་ས་ཏཱ་ལའི་བླ་མའི་སྐོར་མཁྱེན་རྟོགས་ཡོད་པ་མ་གཏོགས། བོད་ཀྱི་དངོས་ཡོད་གནས་སྟངས་སྐོར་མང་པོ་ཞིག་གིས་ཤེས་རྟོགས་མེད། དེར་བརྟེན། སློབ་ཕྲུག་ཚོར་ད་རེས་རྡ་རམ་ས་ལར་ཡོང་སྟེ། བོད་དོན་དངོས་ཡོད་གནས་སྟངས་རྒྱུས་ལོན་གནང་བ་དེས། མ་འོངས་པར་བོད་པའི་གནས་སྟངས་ཁྱབ་སྤེལ་ཐད་ཕན་ཐོགས་ཡོང་ངེས་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
འཕགས་བོད་གཉིས་བར་ལོ་ངོ་སྟོང་ཕྲག་རིང་གི་ཆོས་དང་རིག་གཞུང་གི་ཐོག་ནས་བླ་སློབ་ཀྱི་འབྲེལ་བ་ཡོད་པ་བཞིན། ༧གོང་ས་སྐྱབས་མགོན་མཆོག་གིས་ཡུལ་འདིའི་གནའ་བོའི་རིག་གཞུང་གོང་འཕེལ་དང་འབྲེལ་ཡུལ་འདི་ནས་འགྲོ་བ་མིའི་བདེ་རྩར་ཕན་པའི་རླབས་ཆེན་གྱི་མཛད་འཕྲིན་མང་དག་ཅིག་བསྐྱངས་དང་སྐྱོང་མུས་ཡིན་ཞིང་། ལྡི་ལི་གཙུག་ལག་སློབ་ཆེན་གྱི་གསར་འགོད་རིག་པའི་སྡེ་ཚན་གྱི་སློབ་དཔོན་(Rajat Abhinav)་ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་གཙོས་པའི་བོད་མི་ཚོ་ནི་རྒྱ་གར་ལ་ཞེ་དྲགས་གལ་ཆེན་པོ་ཆགས་ཡོད་པ་མྱོང་ཚོར་བྱུང་། ང་ལྡི་ལིར་ཕྱིར་ལོག་པའི་རྗེས། བོད་དོན་ཁྱབ་བསྒྲགས་གང་མང་བྱ་རྒྱུའི་ཆོས་སེམས་བརྟན་པོ་ཡོད། རྒྱུན་དུ་ངས། ༧གོང་ས་མཆོག་དང་བོད་དོན་སྐོར་ལྟ་ཀློག་བྱེད་ཀྱི་ཡོད། འོན་ཀྱང་། ད་རེས་ལས་གཞི་དེའི་བརྒྱུད་ནས་སྤྱི་ཚོགས་དྲ་ལམ་སྟེང་མ་བཀོད་པའི་གནས་ཚུལ་མང་དག་ཅིག་ཤེས་རྟོགས་བྱུང་སོང་ཞེས་འགྲེལ་བརྗོད་གནང་བྱུང་།
འདི་ཚེས་༡༩ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སློབ་ཕྲུག་དེ་དག་ལ་ཐུགས་འཕྲད་ཀྱིས། བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ནའང་། རྒྱ་ནག་གཞུང་གིས་འཁྱོག་བཤད་བྱས་ནས་ཁྲིམས་འགལ་གྱི་ཐོག་ནས་བོད་ས་བཙན་བཟུང་བྱས་པ་དེ་རྒྱལ་སྤྱིའི་སྟེང་ཁྲིམས་མཐུན་བཟོ་ཐབས་བྱེད་ཀྱི་ཡོད་པ་གསུངས་འདུག
གསར་འགོད་རིག་པའི་ཐོག་སློབ་གཉེར་བ་(Sannia Malhotra)་ལགས་ཀྱིས། རྒྱ་གར་གྱི་གསར་འགོད་པ་ཞིག་ཡིན་ན། ངེས་པར་དུ་བོད་ཀྱི་གནད་དོན་ཐོག་གོ་རྟོགས་གཏིང་ཟབ་དགོས་རྒྱུར་གལ་ཆེར་མཐོང་གི་འདུག དེ་ཡང་གོ་རྟོགས་ཡོང་བར་འདི་ལྟ་བུའི་ལས་གཞིའི་ཐོག་སྲིད་སྐྱོང་གཙོས་པའི་འབྲེལ་ཡོད་མི་སྣ་དང་དངོས་སུ་ཐུགས་འཕྲད་ཀྱིས་རྒྱུས་ལོན་བྱེད་རྒྱུ་ཧ་ཅང་གི་གལ་ཆེ། རྒྱུ་མཚན་ནི། དེང་སྐབས། སྤྱི་ཚོགས་དྲ་ལམ་སྟེང་། ཁུངས་ལྡན་མིན་གནས་ཚུལ་མང་དག་ཅིག་ཁྱབ་སྤེལ་འགྲོ་མུས་ཡིན། ད་རེས་ལས་གཞི་དེའི་བརྒྱུད་ནས་བོད་རྒྱ་འབྲེལ་མོལ་ལ་སོགས་པའི་དངོས་ཡོད་གནས་ཚུལ་མང་དག་ཅིག་མཁྱེན་རྟོགས་བྱུང་སོང་བས། འབྱུང་འགྱུར་བོད་དོན་གནས་ཚུལ་བཀོད་སྤེལ་བྱེད་པའི་སྐབས། ཧ་ཅང་གི་ཕན་ཐོགས་ཡོང་གི་རེད་ཅེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎