སིང་གྷ་ལའི་བླ་ཆེན་རྡོ་སྒྲམ་པ་ཧ་ལ་ཅན་དྷ་ར་ཤི་རི་ཐེ་རུ་མཆོག་དགོངས་པ་གཞན་དོན་དུ་ཕེབས་པར་ཐུགས་གསོའི་གསུང་འཕྲིན་སྩལ་བ།

2023.05.21
སིང་གྷ་ལའི་བླ་ཆེན་རྡོ་སྒྲམ་པ་ཧ་ལ་ཅན་དྷ་ར་ཤི་རི་ཐེ་རུ་མཆོག་དགོངས་པ་གཞན་དོན་དུ་ཕེབས་པར་ཐུགས་གསོའི་གསུང་འཕྲིན་སྩལ་བ། ༸གོང་ས་མཆོག་དང་སིང་གྷ་ལའི་ནང་པའི་བླ་ཆེན་རྡོ་སྒྲམ་པ་ཧ་ལ་ཅན་དྷ་ར་ཤི་རི་ཐེ་རུ་རྣམ་གཉིས།
སྒྲིག་བཟོ།

སིང་གྷ་ལའི་རྒྱལ་ཁབ་ནང་གི་ཆོས་བརྒྱུད་ཆེན་པོ་གསུམ་གྱི་ནང་ཚན་Amarapura Maha Nikaya གྱི་ཆེས་མཐོའི་དབུ་ཁྲིད་བླ་ཆེན་རྡོ་སྒྲམ་པ་ཧ་ལ་ཅན་དྷ་ར་ཤི་རི་ཐེ་རུ་(Dodampahala Chandrasiri Thero) མཆོག་དགུང་གྲངས་༨༤ ཐོག་དགོངས་པ་རྫོགས་པར། འདི་ཚེས་༢༡ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞིང་གཤེགས་དམ་པ་ཁོང་གི་རྗེས་འབྲང་པ་ཚོ་དང་ཆོས་གྲོགས་ཕོ་མོ་ཚོར་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་། སིང་གྷ་ལའི་རྒྱལ་ཁབ་ནང་གི་ཆོས་བརྒྱུད་ཆེན་པོ་གསུམ་གྱི་ནང་ཚན་Amarapura Maha Nikaya གྱི་ཆེས་མཐོའི་བླ་ཆེན་རྡོ་སྒྲམ་པ་ཧ་ལ་ཅན་དྷ་ར་ཤི་རི་ཐེ་རུ་མཆོག་དགོངས་རྫོགས་པའི་གནས་ཚུལ་ཐོས་པར་མགོན་པོ་གང་ཉིད་མཆོག་ཐུགས་ཕམ་བྱུང་ཡོད་པ་གསུངས་བ་དང་སྦྲགས་། ཞིང་གཤེགས་དམ་པ་ཁོང་གི་རྗེས་འབྲང་པ་ཚོ་དང་ཆོས་གྲོགས་ཕོ་མོ་ཚོར་ཐུགས་བརྩེ་བ་ཆེན་པོས་ཐུགས་གསོ་མཛད་འདུག

ཡང་མགོན་པོ་གང་ཉིད་མཆོག་གི་ཐུགས་གསོའི་གསུང་འཕྲིན་ནང་། ང་ཚོའི་ཆོས་གྲོགས་ཁོང་གིས་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ཐུབ་ཡོད་ལ། འགྲོ་བ་མི་གཞན་ལ་རླབས་ཆེན་ཀྱི་ཞབས་འདེགས་ཞུས་ཡོད། དམ་པ་ཁོང་གིས་ད་བར་བྱམས་བརྩེའི་ལམ་ནས་གཞན་ལ་ཕན་ཐོགས་བསྒྲུབས་ཡོད་པ་དེ་ང་ཚོས་མུ་མཐུད་རྒྱུན་སྐྱོང་བྱེད་རྒྱུ་ནི་ཁོང་ལ་དོན་དམ་གྱི་གུས་འདུད་དང་མྱ་ངན་རྗེས་དྲན་ཞུས་པ་ཡིན་ཞེས་ཐུགས་སྨོན་དང་བཅས་གསུང་འཕྲིན་སྩལ་འདུག

ཤྲི་ལནྐ་བོད་ཀྱི་ནང་ཆོས་མཐུན་ཚོགས་ཀྱི་ཚོགས་གཙོ་འབུམ་རམས་རྡ་མིན་དྷ་པོ་རེ་གྷེ་(Damenda Porage)ལགས་ཀྱིས་སིང་གྷ་ལ་ནས་དྲ་ལམ་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་གསལ། སྙུང་གཞི་ཞིག་གི་རྐྱེན་གྱིས་བླ་ཆེན་ཁོང་དགོངས་པ་རྫོགས་ཡོད་པ་རེད།  དེ་ནི་འཛམ་གླིང་གི་ནང་པའི་ཆོས་ལུགས་རྗེས་འབྲང་པ་ཚོར་གྱོང་རྒུད་ཆེན་པོ་རེད། ཁོང་གིས། ད་བར་གཞན་ཕན་གྱི་ལས་དོན་མང་དག་ཅིག་བསྒྲུབས་གནང་མཛད་ཡོད་ལ། ལྷག་པར་དུ་དམ་པ་ཁོང་གིས་ལམ་སྟོན་འོག་གྲོང་ཁྱེར་ནང་དུ་ལྗོན་ཤིང་འདེབས་འཛུགས་ཀྱི་ལས་གཞི་ཞིག་མགོ་བཙུགས་གནང་ཡོད་པ་དེས་མི་དང་རང་བྱུང་ཁོར་ཡུག་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

འབུམ་རམས་པ་རྡ་མིན་དྷ་པོ་རེ་གྷེ་(Damenda Porage)ལགས་ཀྱིས་མུ་མཐུད་འགྲེལ་བརྗོད་གནང་བའི་ནང་། ཞིང་གཤེགས་དམ་པ་བླ་ཆེན་ཁོང་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཧ་ཅང་གི་བརྩི་བཀུར་གནང་མཁན་ཞིག་ཡིན་པ་དང་། དེ་སྔོན་ཏོག་དབྱིབས་ནད་ཡམས་མ་ཁྱབ་གོང་དམ་པ་ཁོང་རྒྱ་གར་ལ་ཆིབས་སྒྱུར་སྐབས། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་མཐའ་མ་དེ་བྱུང་ཡོད་ལ། དེ་སྔོན་༢༠༢༢ ལོར་ཤྲི་ལནྐ་བོད་ཀྱི་ནང་ཆོས་མཐུན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་བླ་ཆེན་དམ་པ་ཁོང་ལྷན་བཞུགས་མཛད་ཡོད་པ་འགྲེལ་བརྗོད་གནང་བྱུང་། གཞན་ཡང་འདི་ཚེས་༢༡ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་༣ པའི་ཐོག་སིང་གྷ་ལའི་དབུས་གཞུང་གིས། ཞིང་གཤེགས་དམ་པ་བླ་ཆེན་ཁོང་ལ་གཞུང་འབྲེལ་མྱ་ངན་རྗེས་དྲན་གནང་ཡོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎