རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་བ་ཨ་རིའི་མཐོ་རིམ་མི་སྣས་ཆེད་རྩོམ་སྤེལ་འདུག


2020.01.28
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་ཆེན་མོ་སྐུ་ཞབས་(Sam Brownback)་མཆོག 2019/12/10 ཨ་རིའི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་ཆེན་མོ་སྐུ་ཞབས་(Sam Brownback)་མཆོག 2019/12/10
Lhuboom/RFA

རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་བ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་ཆེན་མོས་ཆེད་རྩོམ་སྤེལ་འདུག
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་ཆེན་མོ་སྐུ་ཞབས་(Sam Brownback)་མཆོག་གིས་རྒྱ་ནག་གཞུང་གིས་ད་ལྟ་བོད་ཐོག་འཛིན་པའི་སྲིད་ཇུས་དེས་དངངས་འཚབ་སློང་གི་ཡོད་པས་ན་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་པའི་སྐོར་གྱི་དཔྱད་རྩོམ་ཞིག་(The Week)་ཞེས་པའི་བདུན་རེའི་ཚགས་པར་ནང་སྤེལ་གནང་འདུག
ཨ་རིའི་ཕྱི་སྲིད་ལྷན་ཁང་གིརྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་ཆེན་མོ་(Sam Brownback)་མཆོག་གིས་འདི་ཟླའི་ཚེས་༢༥་ཉིན་གོང་ཞུས་ཚགས་པར་ནང་སྤེལ་བའི་ཆེད་རྩོམ་ནང་། ཆོས་དད་རང་དབང་ནི་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་པའི་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན་པ་དང་། གང་ཟག་རང་ཉིད་ཆོས་ལ་དད་གུས་བྱེད་དང་མི་བྱེད་དང་། དེ་བཞིན་ཆོས་གང་འདྲ་ཞིག་ཉམས་སུ་ལེན་མིན་གྱི་གནད་དོན་བཅས་ནི་མི་སྒེར་གྱི་ཐོབ་ཐང་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས་རྒྱལ་ཁབ་ཁག་གི་གཞུང་འཛིན་གྱི་འགན་འཁྲི་ནི་སྟབས་བདེ་པོ་ཞིག་ཡིན་ཞིང་། དེ་ནི་རང་གི་མི་དམངས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ལུགས་གསུངས་འདུག
ཡང་ཁོང་གིས་འཛམ་གླིང་ནང་ཆོས་ལ་དད་གུས་ཡིད་ཆེས་ཞུ་མཁན་སྤྱི་ཚོགས་གཞན་ཁག་དང་མཚུངས་པར་བོད་མི་རྣམས་ལ་ཡང་རང་དབང་གི་སྒོ་ནས་རང་གི་ཆོས་ཉམས་ལེན་བྱེད་ཆོག་པ་དང་། གཞུང་འཛིན་གྱི་ངོས་ནས་ཐེ་བྱུས་གང་ཡང་མེད་པར་རང་ཉིད་ཀྱི་དབུ་ཁྲིད་འདེམས་རྒྱུའི་རང་དབང་དགོས་པ་མ་ཟད།  ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་གཙོས་ཆོས་ཕྱོགས་དང་འབྲེལ་བའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་དེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་དང་། བོད་བརྒྱུད་ནང་བསྟན་གྱི་དབུ་འཁྲིད་རྣམ་པ། དེ་བཞིན་བོད་མི་དམངས་བཅས་ལ་ཡོད་པ་ལས་གཞན་སུ་ལ་ཡང་ཐོབ་ཐང་དེ་མེད་སྐོར་བསྐྱར་ནན་གསུངས་འདུག
ད་དུང་སྐུ་ཞབས་(Sam Brownback)་མཆོག་གིས་ཨ་རིའི་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་དང་མཇལ་འཕྲད་ཀྱི་གོ་སྐབས་ནམ་བྱུང་ལ་བོད་ཀྱི་གནད་དོན་གླེང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་ཡང་བསྐྱར་ནན་གནང་བ་དང་དུས་མཚུངས། རྒྱ་ནག་གཞུང་གིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཡང་ན་སྐུ་ཉིད་ཀྱི་སྐུ་ཚབ་ལྷན་དུ་དོན་ཕན་ལྡན་པའི་འབྲེལ་མོལ་སླར་གསོ་ཡོང་ཐབས་སུ་ཨ་རིའི་གཞུང་གིས་ཕྱོགས་གང་ས་ནས་འབད་བརྩོན་བྱེད་མུས་ཡིན་སྐོར་གསུངས་པ་དང་། དུས་མཚུངས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག བོད་མིའི་ངོ་བོ་བཅས་ལ་གུས་བརྩི་ཞུས་ནས། བོད་མི་དམངས་ལ་ཞེད་སྣང་མེད་པའི་ཐོག་ནས་རང་གི་བདེ་སྡུག་ཁག་རང་དབང་དང་ཞི་བ་ངང་ཡོངས་གྲགས་སུ་སྟོན་ཆོག་པའི་ཆོག་མཆན་སྤྲོད་དགོས་པ་དང་། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་མཚོན་པའི་རྒྱལ་སྤྱིས་ངོས་འཛིན་གནང་བའི་ཆོས་དད་རང་དབང་གཙོས་པའི་རང་དབང་ཁག་སྲུང་སྐྱོབ་བྱེད་དགོས། དེ་ལྟར་བྱས་ཚེ་རྒྱ་ནག་དང་རང་གི་ཁྱིམ་མཚེས་རྒྱལ་ཁབ་ནང་ཞི་བདེ་དང་བརྟན་ལྷིང་། བདེ་འཇགས་ཡོང་རྒྱུ་ཡིན་སྐོར་སོགས་ཀྱང་བཀོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎